མཚོ་སྔོན་གྱིས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་ཁྲོམ་རའི་བྱེད་པོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ བྱ་ཐབས་ཁག་བཅུ་བཏོན་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-06



    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་4པ་ཚུན་དུ། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས་མཚོ་སྔོན་གྱི་ས་ཆ་མང་པོར་ཉིན་ཤས་བསྟུད་མར་འཇགས་རྣམ་དོ་དམ་བྱས་པ་རེད། རིམས་ནད་ཀྱི་དུས་བབ་ལེགས་སུ་སོང་བ་དང་བསྟུན་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་དང་ཡིད་ཆེས་མགྱོགས་མྱུར་སླར་གསོ་བྱེད་ཆེད། ཉེ་ཆར། མཚོ་སྔོན་གྱིས་ཁེ་ལས་ལ་རོགས་སྐྱོར་གྱིས་ལས་གནས་བརྟན་གཏོང་དང་། ཟོག་འགྲེམས་ཤར་བགྲོད། ཁྲལ་འཕྲི་ཁྲལ་སློག ཁྲལ་གྲོན་འགྱངས་འཇལ། གྲོན་བཅག་ཁེ་སྤྲོད། ཁང་གླ་ཆག་ཡང་དང་རྩ་ཆག མ་དངུལ་ཁ་གསབ། མ་དངུལ་མཉམ་བསྡུའི་རྒྱབ་སྐྱོར། གཙོ་རྒྱུ་འགན་ལེན། ཞབས་འདེགས་ལེགས་སུ་གཏོང་བ་བཅས་ཕྱོགས་བཅུ་ཚུད་པའི་རོགས་སྐྱོར་བྱེད་ཐབས་ཞིབ་ཕྲ་བཀྲམ་སྟེ། རིམས་ནད་ཀྱི་ཤུགས་རྐྱེན་གཅིག་སྡུད་ཆེ་ཤོས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། བྱ་ཐབས་དོན་ཚན་བཅུ་པོ་བཀྲམ་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། གོ་ཆོད་དུས་ཡུན་2022ལོའི་ཟླ་12ཚེས་31ཉིན་བར་ཡིན་པ་དང་། དེའི་ནང་དོན་གཙོ་བོ་ནི་2022ལོའི་ཆ་རྐྱེན་དང་མཐུན་པའི་འགན་བཅོལ་ལ་ཞུགས་པའི་ཁེ་ལས་ཀྱིས་ཀུན་ཕན་རང་བཞིན་གྱི་ལས་ཤོར་འགན་བཅོལ་དང་ལས་གནས་བརྟན་གཏོང་གི་ཕྱིར་སློག་སྲིད་ཇུས་ལོངས་སུ་སྤྱད་ཆོག་པ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ཕྱིར་སློག་བསྡུར་ཚད་དེ་ཁེ་ལས་དང་དེའི་ལས་བཟོའི་ལོ་གོང་མའི་དངོས་སུ་འཇལ་བའི་ལས་ཤོར་འགན་བཅོལ་གྲོན་དངུལ་གྱི་60%ནས་90%བར་མཐོ་རུ་གཏོང་རྒྱུ་དང་། ལས་ཤོར་འགན་བཅོལ་འགན་སྲུང་གི་དུས་མཚམས་རང་བཞིན་གྱི་ཁྱབ་ཁོངས་ཆེ་རུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ནས། ལས་ཤོར་འགན་བཅོལ་ལ་ཞུགས་ནས་ལོ་གཅིག་མ་སོང་བའི་ལས་ཤོར་དཀའ་ངལ་ཡོད་པའི་ཞིང་པ་ལས་མི་གནས་སྐབས་རོགས་སྐྱོབ་བྱེད་ཁོངས་སུ་འཇུག་རྒྱུ། ཞིང་ཆེན་ནང་ཁུལ་གྱི་རིམས་ནད་ཀྱི་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་གནས་སའི་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་ཀྱི་ཁེ་ལས་ཆུང་ཕྲན་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་གཞུང་ཁོངས་ཁང་པ་གཡར་བར་2022ལོར་ཟླ་6གི་ཁང་གླ་རྩ་ཆག་གཏོང་རྒྱུ་དང་། ས་ཁུལ་གཞན་དུ་ཟླ་3གྱི་ཁང་གླ་རྩ་ཆག་གཏོང་རྒྱུ་སོགས་ཚུད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1