ལི་ཤིའི་མེ་ཏོག་བཞད་པའི་སླད། མཚོ་བོད་ས་མཐོར་རྩ་བ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-08


 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཉིང་དང་ཤུའེ་ཡུས་པིན།

     དབྱར་ཟླ་དྲུག་པར་ས་བབ་མཐོ་ཚད་སྨི་2200ལྷག་ཙམ་ཡོད་པའི་ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་འདེབས་གསོའི་རྟེན་གཞིར་མིའི་གཟུགས་ཚད་ཙམ་ཡོད་པའི་སྒྲོ་གཤོག་དབྱིབས་ཀྱི་ལི་ཤིའི་ཡལ་ག་རབ་ཏུ་རྒྱས་ཏེ་བསིལ་རླུང་དང་བསྟུན་ནས་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ།

    “སྒྲོ་གཤོག་དབྱིབས་ཀྱི་ལི་ཤིའི་མེ་ཏོག་ནི་ཟིང་སྐྱ་ཡིན་པ་དང་རང་རྒྱལ་ཁོ་ནར་ཡོད་པའི་རི་སྐྱེས་ལི་ཤིའི་རིགས་ཤིག་ཡིན་ཞིང་། གསོན་དཀའ་ལ་སྐྱེ་འཚར་འགོར་བ་མ་ཟད། རང་བྱུང་ཁོར་ཡུག་ནང་ཧ་ལམ་སྟོངས་ལ་ཉེ་བས་རྒྱལ་ཁབ་ཀྱི་སྟོངས་ཉེར་ཡོད་པའི་སྲུང་སྐྱོང་རྩི་ཤིང་གི་གྲས་སུ་བཅུག་ཡོད” ཅེས་གཞོགས་ཤིག་ཏུ་ལངས་པའི་བཟོ་བཀོད་པ་མའོ་དབྱིང་གིས་ཡལ་ག་ཞིག་བཀུག་ནས་སྒྲོ་གཤོག་དབྱིབས་ཀྱི་ལི་ཤིའི་སྐྱེ་ཚུལ་ལ་ལྟ་བཞིན་དེ་ལྟར་བཤད།

      མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནི་མཚོ་བོད་ས་མཐོར་གནས་པ་དང་དཔྱིད་དུས་ཐན་ཤས་ཆེ་ལ་ཆར་ཆུ་དཀོན་པ་དང་། དབྱར་དུས་སྨུག་ཕྱིའི་འོད་ཟེར་ཆེ་བ། དགུན་དུས་གྲང་ངར་ཆེ་ཞིང་ལྷགས་པ་ཆེ་བ། མེ་ཏོག་དང་རྩྭ་རྩི་ཤིང་སྐྱེ་ཁག་པོ་ཡོད་པ་སོགས་རང་བྱུང་ཁོར་ཡུག་ཞན་ཡང་ས་མཐོའི་གནའ་གྲོང་གི་སྐྱེ་བོ་ཤིང་འཛུགས་ནགས་གསོ་བྱེད་པའི་སེམས་ཤུགས་འགོག་ཐབས་བྲལ།

    “ལི་ཤིར་ཉི་འོད་དགོས་པས་མཚོ་བོད་ས་མཐོའི་གནམ་གཤིས་ལ་འཕྲོད་པོ་ཡོད། རྒྱུད་འདྲེས་འདེབས་གསོ་བྱས་རྗེས་ཁོར་ཡུག་སྐྱོ་པོར་འཕྲོད་པའི་རང་བཞིན་ཅུང་ཆེ་བ་དང་བདག་སྐྱོང་གི་མ་གནས་དམའ་བས་གསོན་སླ་པོ་ཡོད”ཀྲང་ཅིན་མེ་ནི་ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡིན་ཞིང་། མཚོ་བོད་ས་མཐོར་ལོ་34ནགས་རྩྭར་ཞིབ་འཇུག་བྱས་པའི་ཁོང་གིས་དུས་ཡུན་རིང་པོའི་ནང་ལི་ཤི་སྣ་ཚོགས་འདེབས་གསོ་དང་། ཞིབ་འཇུག ཤེས་རྟོགས་བཅས་བྱས་ཡོད།

    “ལོ་མང་རིང་ལི་ཤིའི་ཐོན་ཁུངས་ལ་བརྟག་དཔྱད་དང་། རིགས་སྣ་ཚོགས་འཚོལ་བསྡུ། གསོན་ཚད་མཐོ་བའི་རིགས་འདེམས་པ། གསོ་སྤེལ་ལག་རྩལ་ཞིབ་འཇུག་སོགས་ཀྱི་ལས་དོན་སྤེལ་ཡོད། ལི་ཤིའི་རིགས་ཀྱང་ཐོག་མའི་18ནས་103བར་མང་དུ་ཕྱིན་ནས་འདེབས་གསོ་ཆོག་པའི་རིགས་69ཡོད”ཅེས་ཀྲང་ཅིན་མེ་ཡིས་ངོ་སྤྲོད་བྱས་པ་དང་ཟི་ལིང་གྲོང་ཁྱེར་གྱིས་ལི་ཤིའི་རྒྱལ་ཁབ་ཀྱི་ནགས་ཤིང་གི་སོན་རྒྱུའི་ཐོན་ཁུངས་མཛོད་བསྐྲུན་ཡོད།

     ལི་ཤིའི་སོན་རྒྱུའི་ཐོན་ཁུངས་མཛོད་འཛུགས་ཆེད། ལི་ཤིའི་མེ་ཏོག་བཞད་དུས་སུ་སླེབས་རིམ་བཞིན་ཀྲང་ཅིན་མེ་ཡིས་ཚོགས་པའི་སྣེ་ཁྲིད་དེ། རི་བརྒལ་ཀླུང་བརྒྱབ་དང་ཐ་ན་ཞིང་ཆེན་སྒྲོལ་ནས་རྩ་ཆེ་ལ་དཀོན་པའི་རི་སྐྱེས་ལི་ཤིའི་མ་དཔེ་འཚོལ་བར་འགྲོ་གི་ཡོད།

      2015ལོར་ཀན་སུའུ་ལེན་ཁྲེང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྡོ་སྲུབས་ཤིག་ནས་ཀྲང་ཅིན་མེ་དང་ལས་རོགས་ཚོར་རི་སྐྱེས་སྒྲོ་གཤོག་དབྱིབས་ཀྱི་ལི་ཤི་རྐང་གཉིས་རྙེད་པ་རེད། ཀྲང་ཅིན་མེ་ཡིས་རྡོས་བསྣན་ནས་གུག་པའི་ལི་ཤིའི་སྡོང་རྐང་ནས་ཡལ་ག་ཞིག་བཅད་དེ་འཚོལ་བསྡུ་བྱས་པའི་སོན་དང་མཉམ་དུ་གཟབ་ནན་གྱིས་ཟི་ལིང་དུ་འཁྱེར་ཡོང་།

      རི་སྐྱེས་ལི་ཤིའི་འཕྲོད་ནུས་ཞན་པ་དང་རྩ་བ་ཚུགས་དཀའ་བས། རྩ་བ་བརྟན་པོ་ཞིག་ཚུགས་མ་ཐུབ་ཚེ་དུས་འགོའི་ལས་ཀ་དག་ཆུའི་ལྦུ་བ་ལྟ་བུར་འགྱུར་ངེས་རེད།“དཀའ་ངལ་མང་པོ་སྤྱད་དེ་རྙེད་པའི་ལི་ཤིའི་གསོན་ཚད་ཕྱེད་ཀ་ཡང་མ་ཟིན་པ་མཐོང་སྐབས་སེམས་ཁྲལ་ཧ་ཅང་ཆེན་པོ་འདུག”ནགས་ལས་ཚན་རིག་ཁང་གི་འབྲིང་རིམ་བཟོ་བཀོད་པ་མཱ་ཀོང་ཧྭ་ཡིས་ལོ་མང་སྔོན་ཚན་ཞིབ་ལ་ཕམ་ཉེས་བྱུང་བར་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད།

     འདེབས་གསོའི་ས་རྒྱུ་བརྗེ་བ་དང་། འཚར་སྐྱེའི་སྐུལ་རྒྱུའི་རིགས་ལེགས་སྒྲིག ཉི་འོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ་སོགས་ཕམ་ཁ་མི་འཁུར་བའི་མཱ་ཀོང་ཧྭ་ཡིས་འདེབས་གསོ་ཁང་ནང་འཛུལ་ནས་ཚོད་ལྟ་ཡང་ཡང་དང་གྲངས་གཞི་གཏན་འཁེལ་བྱས་ཏེ་ལི་ཤི་འདེམས་གསོ་བྱེད་རྒྱུ་དེ“དོན་ཆེན་ཨང་དང་པོར”བརྩི་ཡི་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མཐར་ཁོང་ལ་ཐབས་བཟང་ཞིག་རྙེད་ནས་སྒྲོ་གཤོག་དབྱིབས་ཀྱི་ལི་ཤི་གསོན་ཚད་70%ཡན་མཐོ་རུ་ཕྱིན་ཡོད།

    “འདེབས་གསོའི་རྟེན་གཞིའི་ནང་མྱུ་གུ་འབུས་པའི་སྒྲོ་གཤོག་དབྱིབས་ཀྱི་ལི་ཤིའི་ལྗང་པ་མཐོང་སྐབས་སེམས་ལྷོད་དུ་བབས་སོང”ཞེས་མཱ་ཀོང་ཧྭ་ཡིས་བཤད།

     ནགས་ལས་ཚན་རྩལ་སུའོ་ཡི་ཚན་རྩལ་ལས་དོན་པས་ལོ་མང་རིང་ཞིབ་འཇུག་ཧུར་ཐག་བྱས་པས། ཟི་ལིང་གྲོང་ཁྱེར་གྱིས་ལོ་ལྟར་ཁྲོམ་གཞུང་ཆེ་ཆུང་ཁག་ཏུ་ལི་ཤི་སྡོང་རྐང་ཁྲི་བརྒྱ་ལྷག་ཙམ་འདེབས་ཐུབ་པ་དེ་གྲོང་ཁུལ་གྱི་མེ་ཏོག་དང་ལྗོན་ཤིང་འདེབས་འཛུགས་བསྡོམས་འབོར་གྱི་70%བཟུང་ནས་དྲི་ཞིམ་འཐུལ་བའི“ས་མཐོའི་མེ་ཏོག་གྲོང”དུ་གྱུར་ཡོད།

    “ང་ཚོ་ནགས་ལས་ཚན་རྩལ་ལས་དོན་པའི་ལས་རིགས་ཀྱི་འགན་འཁྲི་ནི་ཚན་ཞིབ་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས་ཏེ། མཚོ་སྔོན་གྱི་གནམ་གཤིས་ལ་འཕྲོད་པའི་ཤིང་རིགས་དེ་བས་མང་བ་བཏབ་ནས་ལྗང་མདོག་དེ་ཉིད་མཚོ་བོད་ས་མཐོའི་བཀྲག་མདངས་འཚེར་སར་འགྱུར་བ་བྱ་རྒྱུ་དེ་རེད”ཅེས་ཀྲང་ཅིན་མེ་ཡིས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1