༄༅།།ཀུན་མཁྱེན་རྣམ་འགྲེལ་ལེའུ་གསུམ་པའི་མཐའ་དཔྱོད་ལས་བཏུས།

ཀུན་མཁྱེན་འཇམ་དབྱངས་བཞད་པ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 06-10


      

       ཡང་ཁ་ཅིག་ན་རེ། ཚད་མ་ཆོས་ཅན། ཁྱོད་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་ཐལ། ཁྱོད་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར་ཟེར་ན། འོ་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག་ན་རེ། མངོན་སུམ་གྱི་སྣང་ཡུལ་དང་རང་མཚན་དོན་གཅིག་པར་འདོད་ལ། ཁ་ཅིག་ན་རེ། དེ་གཉིས་དོན་མི་གཅིག་པར་ཐལ། གང་ཟག་གི་བདག་མེད་མངོན་སུམ་གྱི་སྣང་ཡུལ་ཡིན་ཀྱང། རང་མཚན་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་རྣལ་འབྱོར་མངོན་སུམ་གྱི་སྣང་ཡུལ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། གང་ཟག་གི་བདག་མེད་རྟོགས་པའི་མངོན་སུམ་ལ་གང་ཟག་གི་བདག་མེད་གསལ་བར་སྣང་བའི་ཕྱིར། མ་གྲུབ་ན། གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་གི་རྒྱུན་གོམས་པ་ལ་བརྟེན་ནས་བསྒོམ་བྱའི་བདག་མེད་ལ་གསལ་སྣང་བྱུང་བ་མི་སྲིད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། རྩ་བར། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །སྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པ་དེའི་ཕྱིར་ཟེར་ན་མ་ཁྱབ་སྟེ། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱིས་གང་ཟག་གི་ཕུང་པོ་མི་རྟག་པར་དངོས་སུ་རྟོགས་པའི་ཤུགས་ལ་གང་ཟག་གི་བདག་མེད་རྟོགས་པའི་ཕྱིར། སྡེ་བདུན་རྒྱན་ལས། འཕགས་པ་སློབ་པ་རྣམས་ཀྱི་མཉམ་བཞག་ཡེ་ཤེས་ཀྱིས་ཀྱང༌་། དངོས་པོ་རྣམས་བདག་དང་བྲལ་བའི་སྐད་ཅིག་མ་ཙམ་དུ་མངོན་སུམ་དུ་གཟིགས་པ་ཡིན་ལ། བདག་བཀག་ཙམ་གྱི་མེད་དགག་ནི་ཤུགས་ལ་འཇལ་བ་ཡིན་གྱི་དངོས་རྟོགས་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ལས། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང༌་། །ཞེས་གསུངས་པའི་ཕྱིར་དང༌་། དེས་སྤྱི་དང་མ་འདྲེས་པའི་དོན་རང་མཚན་མཐོང་བར་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཚད་མ་ལ་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར་ཟེར་ན། དེ་ཙམ་གྱིས་ཚད་མའི་གྲངས་ལ་ལོག་པར་རྟོག་པ་ཁེགས་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། བརྡ་སྤྲོད་པ་ཡང་ཚད་མ་གཉིས་འདོད་པའི་ཕྱིར། རྟོག་གེའི་ངར་སྐད་ལས། བརྡ་སྤྲོད་པ་ན་རེ། མངོན་སུམ་དང་སྒྲ་ལས་བྱུང་བའི་ཚད་མ་གཉིས་སོ་ཞེས་ཟེར་རོ། །ཞེས་གསུངས་པའི་ཕྱིར། དེ་འདྲའི་ཚད་མ་རྣམ་པ་གཞན་དུ་བརྗོད་པ་བསལ་བའི་དོན་དུ། ཀུན་བཏུས་སུ་རང་མིང་ཡང་སྨོས་པའི་ཕྱིར། རྟོག་གེའི་ངར་སྐད་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ཅེས་སླར་ཡང་བརྗོད་པ་དེ་ལས་རྣམ་པ་གཞན་དུ་གཉིས་ཉིད་བསལ་བའི་དོན་དུ་སྟེ། ཞེས་དང༌་། ཛེ་ཏཱ་རིས་ཀྱང༌་། གྲངས་ཀྱི་གཞི་སྨྲས་པས་ནི་རྣམ་པ་གཞན་གྱི་གཉིས་ཉིད་བསལ་བའོ། །ཞེས་གསུངས་པའི་ཕྱིར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1