དཀར་མཛེས་ནས་རྒྱལ་ཁབ་རིག་གནས་སྤྱི་གླིང་ཞིག་སྐྲུན་བཞིན་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-16


        སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག །དུས་རབས་གསར་པའི་རིག་གནས་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང(སི་ཁྲོན་དུམ་མཚམས)འཛུགས་སྐྲུན་སྐུལ་འདེད་གཏོང་དགོས་པ་བསྟན།

 

        དཀར་མཛེས་ཁུལ་དུ་རྒྱང་སྐྱོད་སྙིང་སྟོབས་དར། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་སྐྲུན། སྤྱི་ཟླ་6པའི་ཚེས་11ནས་ཚེས་13ཉིན་གྱི་བར། “དྭངས་གཙང་དཀར་མཛེས། གསར་བརྗེ་རྒྱུན་འཛིན”ཞེས་པའི་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་དུམ་མཚམས་འཛུགས་སྐྲུན་གྱི་སྐུལ་སྤེལ་ཚོགས་འདུ་དེ་རྟའུ་རྫོང་དང་ལྕགས་ཟམ་རྫོང་གཉིས་སུ་འཚོགས་པ་རེད། ད་རེས་ཀྱི་སྐུལ་སྤེལ་ཚོགས་འདུ་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཀྱི་རྣམ་པའི་ཐོག་ནས་སྤྱི་གླིང་འཛུགས་སྐྲུན་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ལྟ་ཞིབ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལས་དཀར་མཛེས་དུམ་མཚམས་ལ་འཚོལ་ཞིབ་བྱེད་པ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ཐད་མཉམ་གླེང་བྱེད་པ་བཅས་རེད།

 


        ཉིན་གཉིས་ཀྱི་རིང་། རྟའུ་རྫོང་དུ་རྒྱལ་གཅེས་སློབ་གསོ་བཤམས་སྟོན་དང་གསར་བརྗེའི་རིག་དངོས་བཤམས་སྟོན་ཁང་། གསེག་མ་གླིང་གའི་མཛེས་ལྗོངས། རྒྱང་སྐྱོད་རྒྱལ་ཁབ་སྤྱི་གླིང་རྟའུ་དུམ་མཚམས་འཛུགས་སྐྲུན་སོགས་ཀྱི་ཡུལ་དངོས་སུ་ཕྱིན་ནས་གནས་ཚུལ་རྒྱུས་ལོན་བྱས། དེ་བཞིན་ལྕགས་ཟམ་རྫོང་གི་སི་ཁྲོན་རྒྱང་སྐྱོད་ལས་བྱེད་སློབ་གྲྭ་དཀར་མཛེས་ལྕགས་ཟམ་ཡན་ལག་སློབ་གླིང་གི་ལས་གཞི་གཉིས་པ་དང་གསུམ་པའི་ཡུལ་དངོས་དང་། ལྕགས་ཟམ་རྫོང་དམར་དམག་དྲན་གསོ་ཁང་། ལྕགས་ཟམ་སོགས་ལ་ལྟ་སྐོར་དང་འཛུགས་སྐྲུན་རིམ་སྤར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

 

        སྤྱི་ཟླ་6ཚེས་13ཉིན། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་དུམ་མཚམས་འཛུགས་སྐྲུན་གྱི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་དེ་སི་ཁྲོན་རྒྱང་སྐྱོད་ལས་བྱེད་སློབ་གྲྭ་དཀར་མཛེས་ལྕགས་ཟམ་ཡན་ལག་སློབ་གླིང་དུ་འཚོགས་པ་རེད། འདི་ནི་དོན་སྙིང་གལ་ཆེན་ལྡན་པའི་བཀོད་སྒྲིག་ཚོགས་ཆེན་ཞིག་རེད་ལ། ལས་འགན་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ། གོ་སྐབས་གལ་ཆེན་དམ་འཛིན་དང་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་དུམ་མཚམས་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཡུལ་ས་གལ་ཆེན་ཞིག་ཏུ་ཧུར་ཐག་གིས་བསྐྲུན་ནས། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཏུ་བསྒྱུར་བ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དཔའ་ངར་ཞུམ་མེད་ཀྱིས་མདུན་སྐྱོད་བྱ་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱས་པ་རེད།

 

        ཚོགས་ཐོག་ཏུ་དཀར་མཛེས་ཁུལ་ཨུ་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཆུང་གིས་སྐུལ་སྤེལ་ཚོགས་འདུའི་རྒྱབ་ལྗོངས་དང་དོན་སྙིང་ཐད་གཏམ་བཤད་བྱས་པ་དང་། རྒྱང་སྐྱོད་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་མིག་སྔའི་སྐུལ་སྤེལ་གྱི་གནས་ཚུལ་ལ་དབྱེ་ཞིབ་བྱས། དཀར་མཛེས་ཁུལ་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། ཁུལ་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས་རྒྱང་སྐྱོང་རྒྱལ་ཁབ་སྤྱི་གླིང་དཀར་མཛེས་དུམ་མཚམས་འཛུགས་སྐྲུན་གྱི་བྱེ་བྲག་ལས་དོན་ཐད་བཀོད་སྒྲིག་བྱས། དེ་ནས་ལྕགས་ཟམ་རྫོང་དང་རྟའུ་རྫོང་། སྡེ་རོང་རྫོང་གི་འབྲེལ་ཡོད་འཐུས་ཚབ་མི་སྣས་སོ་སོའི་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་གནས་ཚུལ་སོགས་ངོ་སྤྲོད་བྱས། ། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1