༄༅།།འབའ་ཐང་རྫོང་སྟེང་ཆེན་ཤུལ་དབེན་ཁྲོད་ཀྱི་བྱུང་བ་བརྗོད་པ།

བེ་མདའ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 06-21


 སྟེང་ཆེན་ཤུལ་རི་ཁྲོད་ནི་ཁམས་འབའ་ཐང་བེ་རི་སྒང་པའི་སྡེ་ཚོ་བདུན་དུ་གནས་པ་ལས་སྟེང་ཆེན་དུང་དཀར་རང་བཞིན་ཞེས་གྲགས་པའི་མགོ་ལ་བང་ཆེན་ཞེས་པའི་རི་བོ་ཡིད་དུ་འོང་བ་སྟོད་དུ་གངས་རི་དཀར་པོ་དང་བར་ན་རྩི་ཤིང་ནགས་ཚལ་མདའ་ན་དྭངས་བསིལ་ཆུ་བོས་བརྒྱན་པའི་གནས་མཆོག་ཉམས་དགའ་བ་ཞིག་ཏུ་ཆགས་ཡོད། མཚན་དེ་ལྟར་ཆགས་དོན་ཡང་སྟེང་ཆེན་སྒང་པའི་གནས་སུ་ཆགས་ཡོད་པས་ཡིན་པར་སེམས། རི་ཁྲོད་འདི་ནི་འཕགས་མཆོག་རིགས་གསུམ་མགོན་པོའི་གནས་ཡིན་པར་གསུངས་ཏེ། གཡས་རི་འཇམ་དཔལ་གཞོན་ནུ་དང་གཡོན་རི་གསང་བདག་ཕྱག་རྡོར། སྟེང་དུ་འཕགས་མཆོག་སྤྱན་རས་གཟིགས། མགོ་ན་ཨོ་རྒྱན་སྒྲུབ་ཕུག་དང་མཐའ་ན་སྒོམ་ཆེན་བྲག་ཕུག གཞན་ཡང་ཟངས་མདོག་དཔལ་གྱི་རི་བོ་པད་མ་འོད་ཀྱི་ཕོ་བྲང་དང་གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན་སོགས་དགེ་མཚན་གྱིས་རབ་ཏུ་ཕྱུག་པ་ཞིག་ཡིན་པར་གསུངས་སོ།། དེ་ཡང་ལོ་ངོ་ཉིས་བརྒྱ་ཙམ་གྱི་གོང་རོལ་དུ་སྦས་པའི་རྣལ་འབྱོར་བ་ཆེན་པོ་གྲུབ་ཐོབ་དཔལ་ལྡན་ཡེ་ཤེས་ཀྱིས་རིགས་གསུམ་མགོན་པོའི་གནས་སུ་གྲགས་པའི་སྟེང་ཆེན་ཤུལ་རི་ཁྲོད་འདི་ཉིད་གསར་དུ་བཏབ། དེའི་རྗེས་སུ་གྲོང་ཞབས་དུད་གསར་ཚང་དུ་སྐུ་འཁྲུངས་པའི་བླ་མ་སྟོབས་ཆེན་ཡང་དབེན་གནས་འདི་རུ་ཚེ་གང་པོར་ཉམས་ལེན་ལ་ཐུགས་གཞོལ་ནས་ཞིང་དུ་གཤེགས་པར་གྲགས། དེང་སང་ཡང་དུང་འཁོར་ཡོད་སའི་གནས་སུ་ཤིང་གི་འབུམ་པ་ཞིག་མཇལ་དུ་ཡོད་པ་ཡང་བླ་མ་སྟོབས་ཆེན་གྱིས་བཞེངས་པར་གསུངས། དེའི་རྗེས་སུ་རི་རབ་ཕ་ཡུལ་ཟེར་བའི་ཡུལ་ནས་གདན་དྲངས་པའི་བླ་མ་གུ་རུ་ཡང་འདིར་ཞབས་ཀྱིས་བཅགས་ཤིང་ཡུལ་འདིར་ཆོས་ཀྱི་ཕན་པ་རྒྱ་ཆེན་བཏགས་པར་གསུངས།


དེ་ནས་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་སུམ་ཅུ་ཡས་མས་སུ་མདོ་སྔགས་རིགས་གཞུང་རྒྱ་མཚོ་ལ་གསན་བསམ་གྱིས་ཕ་རོལ་ཏུ་ཕྱིན་པའི་སྔགས་ཚ་ཨ་མྱི་ར་ཡང་དབེན་ཁྲོད་འདིར་ཞབས་ཟུང་པད་མོས་བཅགས་ཤིང་ཡུལ་འདིའི་ཡུལ་མི་རྣམས་ཀྱིས་གཙོས་པའི་གདུལ་བྱ་བགྲང་ཡས་པ་ཞིག་སྨིན་གྲོལ་གྱི་ལམ་ལ་བཀོད།རིག་གསར་གྱི་ཆག་སྒོས་ཆོས་ལུགས་ལ་གཏོར་བཤིག་ཚད་མེད་བཏང་པ་ན་ཨ་མྱི་ར་རང་ཡུལ་ནས་མི་ཕེབས་ཀ་མེད་བྱུང་།དེའི་རྗེས་སུ་རྒན་ཀརྨ་བཞུགས་པ་ཡིན་ཏེ། ཕྱི་ལོ་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ཙམ་དུ་བསྐྱར་དུ་རྒན་ཀརྨ་དབེན་ཁྲོད་འདིར་སྒྲུབ་པར་གཞོལ་ཞིང་ལོ་རེ་བཞིན་དུ་མང་ཚོགས་རྣམས་ལའང་སྨྱུང་གནས་དཀར་པོ་ཆ་བརྒྱད་ཀྱི་དགེ་བའི་སྲོལ་བཟང་བཙུགས། མཆོག་སྤྲུལ་ཚེ་རིང་དོན་འགྲུབ་གྱི་ཞབས་ཟུང་གསེར་གྱི་འཁོར་ལོ་བཀོད་ཅིང་སྒྲུབ་པ་ཉམས་ལེན་ཀྱང་མཛད་མྱོང་ཡོད། བཙུན་མ་རྟ་མགྲིན་མཚོ་མོ་ཡང་དབེན་ཁྲོད་འདི་རུ་རྟག་ཏུ་སྒྲུབ་པ་ཉམས་ལེན་ལ་ལྷུར་ལེན་གནང་།


ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་ཅུ་གོ་དགུ་ལོ་ལ་རྣལ་འབྱོར་བ་ཨོ་རྒྱན་ཚེ་དབང་ངམ་སྐྱབས་གཅིག་འཁོར་ལོའི་མགོན་པོ་བསམ་བཞིན་མིའི་གར་དུ་རོལ་བའི་མཆོག་སྤྲུལ་༧ཀརྨ་ལེགས་གྲུབ་བམ་བཤད་སྒྲུབ་ཆོས་ཀྱི་ཉི་མས་མཚན་དུ་གྲུབ་ཐོབ་ཀརྨ་ཆོས་དབྱིངས་སུ་གསོལ་བ་གང་ཉིད་རི་ཁྲོད་འདིར་ཞབས་ཟུང་བཅགས་ཤིང་། འདིར་སྔར་ལམ་ཕྲན་ཞིག་ལས་མེད་པས་ལམ་རྒྱ་ཆེར་བསྐྱེད། གཞན་ཡང་འབུམ་པ་དུ་མ་དང་དུང་འཁོར་དང་ཚོགས་ཁང་ཀ་བ་བཅོ་བརྒྱད་ཅན་གཅིག་དང་ཇ་ཁང་དང་སྤྱི་ཁང་སྦྲེལ་མ་སྟེང་དུ་ཉིད་ཀྱི་གཟིམ་ཁང་ཆུང་ཆུང་ཡོད་པ་གཅིག་དང་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་རྟེན་སོགས་རྟེན་དང་བརྟེན་པ་ལེགས་པར་བཞེངས། དེར་མ་ཟད་ལོ་རེ་བཞིན་དུ་བེ་རི་སྒང་གཙོས་པའི་འཕྲང་པོ་དང་ཞོལ་པོ་རྫོང་པ་སོགས་དད་ལྡན་མང་ཚོགས་རྣམས་ལ་བདེ་ཆེན་ཞིང་སྒྲུབ་ཀྱི་སྒྲུབ་མཆོད་དང་ཞག་བརྒྱའི་སྐུ་མཚམས་བཞུགས་པར་མཛད་ནས་རྣམ་དཀར་གྱི་དགེ་བའི་ལས་ལ་བཀོད་དང་འགོད་བཞིན་པར་བཞུགས། གཞན་ཡང་བེ་རི་སྒང་པའི་རྒན་གཞོན་དར་གསུམ་རྣམས་ལ་ལོ་རེ་བཞིན་དུ་འབུམ་ལྔ་དང་སྨྱུང་གནས་སོགས་དཀར་པོ་དགེ་བའི་ཆོས་ཀྱི་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་ཡིན་ནོ།། ཞེས་པ་འདི་ནི་རྣལ་འབྱོར་བ་ཨོ་རྒྱན་ཚེ་དབང་ངམ་གྲུབ་ཐོབ་ཀརྨ་ཆོས་དབྱིངས་ཀྱི་གུས་སློབ་དུ་མས་སྟེང་ཆེན་ཤུལ་རི་ཁྲོད་ཀྱི་ལོ་རྒྱུས་ཉུང་ངུ་ཞིག་འབྲི་དགོས་ཞེས་ཡང་ཡང་སྐུལ་ངོར་སྐྱེས་སྦྱངས་ནོར་གྱིས་ཕོངས་པའི་ཀུ་སཱ་ལ་ཨཀྵར་བཛྲའམ་འབའ་བ་ཨ་རྡོར་གྱིས་རྒན་རབས་དུ་མ་ལ་བཅར་འདྲི་ཡང་ཡང་བྱས་ཏེ་བྲིས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1