༄༅།།གེ་སར་གྱི་རྡར་རྡོ།

ལྟག་ཨོ་རྒྱན་ཆོས་འཕེལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 06-23



   གེ་སར་གྱི་རྡར་རྡོ།

  གེ་སར་གྱི་རྡར་རྡོ་ཞེས་ན་ལི་ཐང་གི་སྐྱེ་ཕོ་མོ་རྒན་གཞོན་མེད་པ་ཚང་མས་ཧ་གོ་བའི་རྡར་རྡོ་ངོ་མཚར་ཅན་ཞིག་ཡིན།རྡར་རྡོ་འདི་ཕྱོགས་ཀྱི་རྡོ་ཡོད་ཚད་དང་མི་འདྲ་བ།མདོག་གནག་ལ་འཇམ་པ།དཔང་མཐོ་བ།ལྗིད་ཚད་དང་ལྡན་པ་ཞིག་ཡིན།ཞིག་ཏུ་བལྟས་ན་རྡར་རྡོའི་ངོ་སུ་རི་མོ་ཡ་མཚན་ཅན་དུ་མས་བཏུམས་ཡོད། རྡོ་ནག་འདི་དེང་སང་བྲག་དཀར་གནས་ཀྱི་གཡས་ཟུར།ཚེ་མགོན་ཤིས་ཞེས་པའི་ལུང་པའི་ནང་ཡོད།ཡར་མར་ཕེབས་པའི་མགྲོན་པོ་ཐམས་ཅད་གནས་འདིར་སླེབས་་པ་དང་ཆེད་དུ་རྡར་རྡོ་འདི་མཇལ་བ་མ་ཚད།སོ་སོའི་ལག་པ་དང་ཞལ་ངོ་དང་།ཕྲེང་མ་དང་།རྒྱན་ཆ།གྲི་སོགས་རྡར་རྡོ་འདིའི་ངོས་སུ་ལྷོད་ཀྱིས་བརྡར་ཏེ་བྱིན་བརླབས་ཞུ་གནང་གི་ཡོད།རབ་དཀར་ཁ་བཏགས་སོགས་ཕུལ་ཏེ་སྨོན་ལམ་ཡང་འདེབས།གནས་རབས་ཀྱི་ཤོད་སྲོལ་དུ་རྡར་རྡོ་འདི་མིག་གིས་མཐོང་བ་དང་།ལག་པས་རེག་པ།ཡང་ན་རྣ་བས་ཐོས་ཙམ་ནས་ལུས་ཀྱི་ན་ཚ་འཇོམས་པ།སེམས་ཀྱི་སྡུག་བསྔལ་སེལ་བ།གདོན་འགོག་པ་སོགས་དགེ་མཚན་ཕུན་སུམ་ཚོགས་པ་ཡོད་ཅེས་དང་།སྨོན་ལམ་གང་འདེབས་པ་དེ་མྱུར་དུ་འགྲུབ་ཅེས་གསུངས།རྡར་འདིའི་མིང་ལའང་ཅི་བསམ་ལྷུན་འགྲུབ་རྡར་ཞེས་གྲགས།དེ་ཡང་འདི་ལྟ་ཡིན་པ་ནི།རྡར་རྡོ་འདི་དང་གླིང་རྗེ་གེ་སར་རྒྱལ་པོ་གཉིས་དབར་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཕྱིར་རོ།།  སྔར་འཇང་གླིང་གཡུལ་འགྱེད་ཀྱི་སྐབས་སུ་གླིང་རྗེ་སེང་ཆེན་རྒྱལ་པོའི་རལ་གྲི་བཏབ་པ་ལན་མེད་དེར་བདུད་ཀྱི་ཁ་དུག་འཕོག་སྟེ། རལ་གྲི་ཕལ་པ་ཞིག་ཏུ་འགྱུར་ལ་ཉེ་དུས།ནམ་མཁའི་དབྱིངས་སུ་ཨ་ནེ་གནམ་ནེ་དཀར་མོའི་ཕྱག་མཛུབ་ལས་རྡོ་ཞིག་ལྷུང་སྟེ་གནས་འདིར་བབས།གེ་སར་རྒྱལ་པོས་རལ་གྲི་བཏབ་པ་ལན་མེད་དེ་རྡོ་དེའི་ངོས་སུ་ཤུགས་ཀྱིས་བརྡར་བས།རལ་གྲི་ལ་ངར་ཐོན་ཏེ་སྔར་གྱི་ནུས་མཐུ་ཡོད་དགུ་བསླར་ཡང་འབྱོར།དེ་ནས་སེང་ཆེན་རྒྱལ་པོས་རལ་གྲི་བཏབ་པ་ལན་མེད་གཡུགས་ཏེ་བདུད་རྣམས་བཏུལ།བསམ་མི་ཁྱབ་པའི་མཛད་པ་དེ་འཛམ་བུ་གླིང་དུ་སྒྲོག་པའི་ཆེད་དུ།རྡར་རྡོ་ཅི་བསམ་ལྷུན་གྲུབ་འདི་ཚེ་མགོན་ཤིས་སུ་རྟེན་དུ་འཇོག་པར་མཛད་པས།མིང་ལའང་གེ་སར་རྡར་རྡོ་ཞེས་འཇིག་རྟེན་ཀུན་ཏུ་གྲགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1