༄༅།།སྟག་རོང་དཔོན་པོ་ཁྲོ་ཐུང་གི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 06-24


 གླུ་ཐ་ལ་ལ་མོ་ཐ་ལ་རེད། །

   གླུ་ཨ་ལ་ལ་མོ་ཨ་ལ་རེད། །

   སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །

   གནས་མི་འབྲལ་སྤྱི་བོའི་གཙུག་ན་བཞུགས། །

   བྱིན་རླབས་དངོས་གྲུབ་སྩལ་ཏུ་གསོལ། །

   དཔོན་པོ་ང་ལ་སྡོངས་གྲོགས་མཛོད། །

   ས་འདིའི་ས་ངོ་མ་ཤེས་ན། །

   རྨ་དེལ་ཡག་སྟག་ཐང་ཁྲ་མོ་རེད། །

   ང་དང་ང་ངོ་མ་ཤེས་ན། །

   སྲིབ་པ་ཁོག་མོའི་རོག་རྫོང་ན། །

   མ་བཞིའི་དཔོན་པོ་ཁྲོ་རྒྱལ་ཡིན། །

   བརྒྱ་ར་རུ་མགོ་ཡི་རྩེ་རྩེ་ཡིན། །

   སྟོང་ལུག་རུ་མགོ་ཡི་ཕྱུར་ཕྱུར་ཡིན། །

   ཆུ་དཀར་བསྐོལ་ཕུད་འཐུང་མི་ཡིན། །

   ལུག་མགོའི་ཡ་ཐོད་ཟ་མི་ཡིན། །

   གོ་ཁའི་གཡས་གྲལ་གནོན་མཁན་ཡིན། །

   རྨ་ཁ་མཐེབ་གནོན་བྱེད་མི་ཡིན། །

   སྐྲངས་མགོ་སེན་མོས་རྟོལ་མི་ཡིན། །

   ང་ལ་དོ་བའི་དཔོན་པོ་མེད། །

   ཚོ་ཆེན་ལྷ་སྡེ་དཀར་པོ་ལགས། །

   གསོན་དང་ཞུ་རྒྱུ་རེ་རེ་ཡོད། །

   བྱ་འདིའི་བྱ་རྒྱུས་ང་ལ་ཡོད། །

   སྒྲོ་འདིའི་སྒྲོ་ངོ་ང་ཡིས་ཤེས། །

   གོ་ཆོད་མི་དར་སྟག་ཡུ་ཁྱོད། །

   ལྷ་མི་མགོན་དུས་དེར་མཆོད་མི་ཡིན། །

   འདྲེ་མི་གནོད་དུས་དེར་རྡུང་མི་རེད། །

   མདའ་མཐོ་གསུམ་མཐེབ་མོས་མི་ཐོན་པའི། །

   ཐོག་དམར་པོ་ཁ་ལ་བསྒྱུར་ཁ་བྱེད། །

   ལས་ཐོན་རྒྱུ་གསུམ་དེ་ཐོན་ནས་གདའ། །

   ལྷ་གོང་མའི་དམ་ཚིག་བཅག་ནས་གདའ། །

   དཀར་པོ་སྒྲོ་གཅིག་གདའ་ལེ་དེ། །

   ཚངས་པ་དཀར་པོའི་བླ་སྒྲོ་རེད། །

   སེར་པོ་སྒྲོ་གཅིག་གདའ་བ་འདི། །

   སྐུ་ལྷ་གེར་མཛོའི་བླ་སྒྲོ་རེད། །

   ནག་པོ་སྒྲོ་གཅིག་གདའ་བ་འདི། །

   གཙུག་ན་རིན་ཆེན་བླ་སྒྲོ་རེད། །

   སྨུག་པོ་སྒྲོ་གཅིག་གདའ་བ་འདི། །

   ཚ་བོ་གེ་སར་བླ་སྒྲོ་རེད། །

   དམར་པོ་སྒྲོ་གཅིག་གདའ་བ་དེ། །

   གསེར་པ་ཆེ་རྒྱུད་བླ་སྒྲོ་རེད། །

   སྔོན་པོ་སྒྲོ་གཅིག་གདའ་བ་དེ། །

   འབྲིང་རྒྱུད་འོམ་བུའི་བླ་སྒྲོ་རེད། །

   ལྗང་ཁུ་སྒྲོ་གཅིག་གདའ་བ་དེ། །

   ཆུང་རྒྱུད་རྨུ་སྤྱང་བླ་སྒྲོ་རེད། །

   དེ་ནས་སྒྲོ་གཅིག་གདའ་ལེ་དེ། །

   ཚོ་དྲུག་གླིང་གི་བླ་སྒྲོ་རེད། །

   གནམ་ལ་སྐར་མ་བཟང་ལེ་རེད། །

   ས་ལ་དུས་ཚོད་བཟང་ནས་གདའ། །

   རྒྱུ་སྐར་ལ་ཉེ་བཟང་ལེ་རེད། །

   བཟང་གསུམ་རྟེན་འབྲེལ་འགྲིགས་ལེ་རེད། །

   ཡར་ཁམས་བྱང་མའི་རི་བརྒྱད་ནས། །

   སྐུ་འཛམ་གླིང་སེང་ཆེན་རྒྱལ་པོ་དེ། །

   ཚོ་ཆེན་ལྷ་སྡེ་དཀར་པོ་ལ། །

   སྐྱིད་སྡུག་ཅི་འདུག་ལྟ་མི་ལ། །

   བླ་བྱ་སྔོན་ལ་མངགས་ལེ་རེད། །

   སྐྱེས་བུ་རྒྱབ་ནས་འབྱོན་ངེས་རེད། །

   མཇུག་སྒྲོ་བཅད་པ་མ་ལེགས་སོ། །

   ཉི་མ་སང་ཉིན་སྔ་དྲོ་ལ། །

   གླིང་ཡ་ཐའི་བླ་མ་དར་འབུམ་དང་། །

   སྒ་རབ་བརྟན་ཆོད་ཀྱི་དགེ་རྒྱས་དང་། །

   སྤྱིར་མཆོད་པའི་བླ་མ་ཀུན་དགའ་གསུམ། །

   བླ་མ་གསུམ་འདི་གདན་འདྲེན་གྱིས། །

   རྨ་རི་གསལ་བ་ཡང་སྟེང་ན། །

   བསང་ཁལ་བཅུ་གསུམ་ཕུལ་ཤོམ་གྱིས། །

   མདའ་དར་བཅུ་གསུམ་སྒྲོན་རྒྱུ་གྱིས། །

   མདུང་དར་བཅུ་གསུམ་འཛུགས་རྒྱུ་གྱིས། །

   ལྷ་གོང་མའི་ངོ་སོ་བསྟོད་རྒྱུ་གྱིས། །

   ལྷ་བྱ་ཁོང་ལ་མཆོད་བསྟོད་གྱིས། །

   ཚོ་ཆེན་ལྷ་སྡེ་དཀར་པོ་དེ། །

   སྐྱ་བོ་རི་ལ་འབྲོས་དོན་མེད། །

   སྨུག་པོ་རི་ལ་སྐུང་དོན་མེད། །

   སོ་པ་ཉུལ་མ་དགོས་དོན་མེད། །

   དགའ་བའི་བྲོ་ཡང་འཁྲབ་རྒྱུ་གྱིས། །

   སྐྱིད་པའི་གླུ་ཡང་ལེན་རྒྱུ་གྱིས། །

   མགྱོགས་པའི་རྟ་ཡང་རྒྱུག་རྒྱུ་གྱིས། །

   སྐྱེན་པའི་རྒྱང་ཚད་འཕེན་རྒྱུ་གྱིས། །

   སྐྱ་ལོའི་བུ་མོ་འབྲུག་མོ་ལགས། །

   སྡེ་གཉིས་ཐོད་པ་མ་གཏུག་ཅིག །

   སྡེ་གསུམ་ཀླད་ཡུ་མ་བསྐོར་ཅིག །

   གྱོད་ཕུང་གཞིའི་རྩ་བ་མི་སློང་རྒྱུ། །

   དཔོན་པོ་ང་ཡི་བསམ་ཚུལ་ཡིན། །

   གླིང་ཚོ་ཆེན་སྡེ་བའི་ཐུགས་ལ་ཞོག །

   ཅེས་ཟེར་བ་དང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1