༄༅།།ཐ་སྙད་ཚད་གྲུབ་ལས་འཕྲོས་པའི་དཔྱད་བརྗོད།

སྐྱོར་དཔོན་སྐལ་བཟང་རྒྱ་མཚོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 06-27


མི་བསྲུན་ལོག་ལྟའི་རྒོལ་ངན་ཀུན་བཅོམ་ཞིང་། །ཟབ་ལམ་དབུ་མའི་ལྟ་བ་གསལ་མཛད་པ། །གངས་ཅན་མཁས་རྒུའི་གཙུག་ན་ལྷམ་མེ་བ། །འཇམ་མགོན་བླ་མ་དུས་ཀུན་སྤྱི་བོར་བཞུགས། །                                                             

         དེ་ལ་འདིར་༢༠༡༧ ལོར་ཁམས་ལི་ཐང་ཐུབ་བསྟན་བྱམས་ཆེན་ཆོས་འཁོར་གླིང་དགོན་ཆེན་དུ་མདོ་ཁམས་མཁས་པའི་བགྲོ་གླེང་ཐེངས་བཞི་པ་འཚོགས་པའི་སྐབས་ཀྱི་རྩོམ་གཞི་༡༡པའི་ལན་འབུལ་བར་བྱེད་པ་ལ། ཐོག་མར་དྲི་གཞིའི་ལུང་འགོད་པ་དང་། དེའི་དོན་འགྲེལ་ཚུལ། དྲི་གཞིའི་ལུང་ལས་འཕྲོས་པའི་དོགས་ལན་འགོད་པ་དང་གསུམ་ལས། དང་པོ་དྲི་གཞིའི་ལུང་འགོད་པ་ནི། ལམ་རིམ་འབྲིང་བོ་ལས། ངེས་པ་དེའི་འཚོལ་ལུགས་གོ་བདེ་བར་བརྗོད་ན། སྔར་བཤད་པ་ལྟར་རིགས་པའི་དགག་བྱའི་སྤྱི་འཆར་དུ་གཞུག་ལ་རང་རྒྱུད་ཀྱི་མ་རིག་པས་རང་བཞིན་ཇི་ལྟར་སྒྲོ་བཏགས་པ་རྣམས་ལེགས་པར་བསམ་ལ་ངོས་ཟིན་པར་བྱ། དེ་ནས་རང་བཞིན་དེ་འདྲ་ཡོད་ན་གཅིག་ཐ་དད་ལས་མི་འདའ་བའི་ཚུལ་དང་། དེ་གཉིས་ཀར་ཁས་བླངས་པ་ལ་གནོད་བྱེད་ཡོད་ལུགས་དམིགས་བྱེད་པར་བསམ་ལ་གནོད་བྱེད་མཐོང་བའི་ངེས་པ་དྲངས་ཤིང་། མཐར་གང་ཟག་ལ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་དོ་སྙམ་པའི་ངེས་པ་བརྟན་པར་བྱ་སྟེ། སྟོང་ཕྱོགས་ལ་དེ་འདྲ་མང་དུ་སྦྱང་། དེ་ནས་གང་ཟག་གི་ཐ་སྙད་བསྙོན་མི་ནུས་པར་སྣང་བ་རྣམས་བློའི་ཡུལ་དུ་འཆར་དུ་གཞུག་ལ། དེ་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོར་འཇོག་པའི་རྟེན་འབྲེལ་གྱི་ཕྱོགས་རྣམས་ཡིད་ལ་བྱ་ཞིང་། རང་བཞིན་མེད་པ་ལ་རྟེན་འབྲེལ་འཐད་ལུགས་རྣམས་ལ་ངེས་པ་སྙེད་པར་བྱའོ། །ཞེས་བྱུང་། གཉིས་པ་ལུང་དེའི་དོན་འགྲེལ་བ་ལ། ངེས་པ་དེའི་འཚོལ་ལུགས་ཞེས་པའི་ངེས་པ་ནི་སྟོང་ཉིད་རྟོགས་པའི་ལྟ་བ་ལ་བྱ་དགོས་ཏེ། དེ་ཉིད་ལས། དེ་བཞིན་དུ་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པ་ཡོད་མེད་དཔྱོད་པའི་རིགས་པས་མང་དུ་དཔྱད་ནས་རང་བཞིན་མེད་པ་ལ་ངེས་པ་ཤུགས་དྲག་བསྐྱེད་པའི་ཞེས་སོགས་གསུངས་པའི་ཕྱིར། དེའི་ལྟ་བ་དེས་སྟོང་ཉིད་འཚོལ་ལུགས་བློ་ངོར་མི་འཁྲིག་པའི་ཕྱིར་དུ་གོ་བདེ་བར་བརྗོད་ན། དེ་ཉིད་ལས། རྒྱུ་མཚན་དེ་རྣམས་ཀྱིས་ན་དགག་བྱ་བདེན་པར་འཛིན་པའི་ཚུལ་ནི། ཐོག་མ་མེད་པའི་རྟོག་པའི་དབང་གིས་བཞག་པ་མིན་པར་རང་གི་ངོ་བོའི་སྒོ་ནས་ཡུལ་སྟེང་དུ་གྲུབ་པར་འཛིན་པ་ཡིན་ལ། དེའི་ཞེན་ཡུལ་ལ་བདག་གམ་རང་བཞིན་ཞེས་བྱའོ། །ཞེས་དང་། ཡང་དེ་ཉིད་ལས། འདི་ལ་གནད་བཞི་ཡོད་པའི་དང་པོ་ནི་རང་རྒྱུད་ལ་བརྟགས་ཏེ་གང་ཟག་གི་བདག་ཏུ་ངོས་འཛིན་ལུགས་ངོས་ཟིན་པར་བྱ་བ་ཡིན་ཏེ། ཞེས་སོགས་གསུངས་པ་ལྟར་རྟོག་པས་བཏགས་པ་ཙམ་མིན་པར་ཡུལ་རང་ངོས་ནས་གྲུབ་པ་དེ་ཉིད་ལུགས་འདིའི་དགག་བྱ་མཐར་ཐུགས་པ་ཉིད་ཡིན་ལ། དགག་བྱའི་སྤྱི་ལེགས་པར་འཆར་དུ་གཞུག་ལ་ཞེས་པ་ནི་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་ཚུལ་ལེགས་པར་ངོས་ཟིན་པ་ལ་བྱ་ལ། རང་རྒྱུད་ཀྱི་བདེན་འཛིན་མ་རིག་པས་རང་བཞིན་དང་རང་དབང་གི་གྲུབ་ལུགས་ཅི་ལྟར་སྒྲོ་བཏགས་པ་སོགས་ལ་ལེགས་པར་བསམ་སྟེ་ངོས་ཟིན་པར་བྱ་དགོས་ལ། དེ་ནས་ཡོད་ན་གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་པ་ལྟར་རང་བཞིན་གྱིས་གྲུབ་ནའང་ངེས་པར་རང་བཞིན་གྱི་གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་ལ་དེ་གང་དུ་མ་གྲུབ་པ་ཆ་བཅས་ཡིན་པས་རྟགས་སོགས་ཀྱིས་གནོད་ལུགས་དམིགས་བྱེད་པར་བསམ་ལ་གནོད་བྱེད་མཐོང་བའི་ངེས་པ་དྲངས་ཤིང་། 

         འོན་ཀྱང་གཞི་གང་ཟག་ལྟ་བུ་བཏགས་དོན་བཙལ་བའི་ཚེ་རྙེད་པ་མེད་ཅིང་གཏན་མེད་པར་མི་འགྱུར་ཏེ་རང་གི་གདགས་གཞི་ཕུང་སོགས་བརྟེན་ནས་བཏགས་ཙམ་གྱི་རྟེན་འབྲེལ་དུ་ཡོད་པ་ནི་ལུང་གི་དོན་ཡིན་སྙམ། གསུམ་པ་ལུང་དེ་ལས་འཕྲོས་པའི་དྲི་ལན་ཡོད་དེ། དྲི་གཞི་དེ་ཉིད་ལས། ཞེས་གང་ཟག་གི་ཐ་སྙད་བསྙོན་མི་ནུས་པ་ཞེས་པ་གང་འདྲ་ཞིག་ལ་གོ་བ་ལེན་ཞེས་གསུངས་པ་གོང་གི་ལུང་དེ་ལས་གསུངས་པ་ལྟར་གང་ཟག་རང་བཞིན་གྱིས་མ་གྲུབ་པ་དང་གདགས་གཞིའི་ངོས་ནས་མ་གྲུབ་པ་དང་བཏགས་དོན་བཙལ་བའི་ཚེ་མི་རྙེད་ཅིང་འོན་ཀྱང་གང་ཟག་དེ་ཉིད་གདག་གཞི་ཕུང་སོགས་ལ་བརྟེན་ནས་བཏགས་ཙམ་དུ་ཡོད་ལ་དེ་འདྲའི་བཏགས་ཙམ་དང་སྣང་ཙམ་པོ་དེ་ཉིད་ལ་ཐ་སྙད་པའི་ཚད་མའི་གནོད་པ་མེད་པས་གང་ཟག་གཏན་མེད་དུ་མི་འགྱུར་ལ་དེ་ལྟར་མིན་ན་ལས་བསགས་པ་པོ་དང་རྣམ་སྨིན་མྱོང་བ་བོ་མེད་པར་འགྱུར་བས་ལས་འབྲས་རྣམས་ཆུད་ཟོས་སུ་འགྱུར་བའི་ཕྱིར་རོ། །དེས་ན་ལམ་རིམ་ལས། ཐ་སྙད་པའི་ཤེས་པ་ལ་གྲགས་པ་ཡིན་པ་དང་། ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མེད་པ་དང་། དེ་ཁོ་ན་ཉིད་ལའང་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པའི་མི་གནོད་པ་ཞིག་ནི་ཐ་སྙད་དུ་ཡོད་པར་འདོད་ལ་དེ་ལས་བཟློག་པ་ནི་མེད་པར་འདོད་དོ། །ཞེས་ཁྱད་ཆོས་དེ་གསུམ་ཚང་ན་ཐ་སྙད་དུ་ཡོད་པ་དང་དེ་གསུམ་མ་ཚང་ན་ཐ་སྙད་དུ་ཡོད་གོ་མི་ཆོད་པར་གསུངས་པའི་ཕྱིར་རོ། །དེས་ན་འདིའི་ཁྱད་ཆོས་གཉིས་པ་ཐ་སྙད་པའི་ཚད་མས་མི་གནོད་པའི་ཚུལ་ནི། དེས་ན་རང་ཅག་གིས་ཟླ་བ་ལ་བསིལ་ཟེར་ཅན་གྱི་ཐ་སྙད་འདོགས་པ་ཡིན་ལ་བཏགས་པ་ལྟར་ཟླ་བས་བསིལ་ཟེར་ཅན་གྱི་དོན་བསྙོན་མེད་དུ་བྱེད་པ་ཡིན་པས་ན་དེ་བསིལ་ཟེར་ཅན་ཡིན་པ་ལ་ཐ་སྙད་པའི་ཚད་མ་གང་གིས་ཀྱང་གནོད་པ་མེད་པ་ཡིན་ལ། ཡུལ་ལུང་གཞན་དག་དུ་ཟླ་བ་ལ་ཉི་མ་ཞེས་འདོགས་པའང་ཡོད་ལ་དེ་ལྟར་བཏགས་པ་ལྟར་ཟླ་བ་དེ་ཉིད་ཉི་མར་མ་གྲུབ་སྟེ་ཚ་བའི་རེག་བྱ་ཅན་མ་ཡིན་པས་སོ། །འོན་ཀྱང་། བརྗོད་བྱེད་ཀྱི་མིང་དག་དོན་ཅི་འདྲ་ཞིག་ལའང་སྦྱོར་དུ་མི་རུང་བ་མི་སྲིད་པས། ཉི་མ་ཞེས་པའི་མིང་དེ་ཚ་ཟེར་ཅན་ལས་བསིལ་ཟེར་ཅན་ལ་སྦྱོར་མི་ཆོག་པ་མ་ཡིན་པས་དེ་གཉིས་སུ་ཡང་ནོར་བ་མ་ཡིན་ལ། དེ་ལྟ་ནའང་ཉི་ཟླ་གཉིས་ཀྱི་གཞི་མཐུན་འདོད་མི་དགོས་ཏེ། ངེད་ཅག་གིས་ཉི་ཟླའི་གཞི་མཐུན་མེད་པར་འདོད་པའི་ཟླ་བ་ནི་བསིལ་ཟེར་ཅན་ལས་ཚ་ཟེར་ཅན་མིན་པ་དང་། ཁོང་ཚོས་ཟླ་བ་ཞེས་པ་དེ་བསིལ་ཟེར་ཅན་ལ་མ་བརྗོད་པར་ཚ་ཟེར་ཅན་ལ་བརྗོད་པས་དེ་དག་གིས་ཟླ་བ་བསིལ་བའི་འོད་ལྡན་པར་ཡང་མི་འདོད་པའི་ཕྱིར། དེས་ན་དེ་གཉིས་ཀྱང་བསམ་དོན་ལ་ཁྱད་པར་མེད་ཀྱང་མིང་བརྗོད་ཚུལ་མི་འདྲ་བ་ཙམ་ཡིན་པས། དེ་ནི་སྐད་རིགས་མི་འདྲ་བ་ཙམ་ལས་གཞན་གང་ཡང་མ་ཡིན་པའི་ཕྱིར་རོ། །དེ་ནས་གཞི་མེ་ཏོག་ལྟ་བུའི་དངོས་པོ་གཅིག་གང་ཟག་སོ་སོ་ལ་ལྟོས་ནས་ཡིད་དུ་འོང་མི་འོང་འཇོག་པ་ནི། མེ་ཏོག་དེའི་ཆ་ཤས་འགའ་ཞིག་ལེགས་པོར་མཐོང་བས་སྟེང་ནས་གང་ཟག་རང་ཉིད་ལ་མེ་ཏོག་ཡིད་དུ་འོང་བར་སྣང་ཀྱང་ཡིད་དུ་འོང་བར་རྟོགས་པས་ངེས་པ་མེད་ལ་འོན་ཀྱང་ཡིད་དུ་འོང་བའི་ཆ་ཤས་འགའ་ཞིག་ལ་ཚད་མར་སོང་བར་འདོད་ལ།  ཡང་གང་ཟག་འགའ་ཞིག་གིས་དེའི་ཆ་ཤས་འགའ་ཞིག་ཡིད་དུ་མི་འོང་བར་མཐོང་ནས་མེ་ཏོག་དེ་ཡིད་དུ་མི་འོང་བར་སྣང་ནའང་ཡིད་དུ་མི་འོང་བར་རྟོགས་པས་ངེས་པ་མེད་ལ། དེའི་ཆ་ཤས་སུ་ཡིད་དུ་མི་འོང་བ་ལ་ཚད་མར་སོང་ཀྱང་རྩ་བའི་མེ་ཏོག་ཡིད་དུ་འོང་མི་འོང་གཉིས་ཀར་རྟོགས་པ་མིན་པས་འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པ་དང་ཚད་མ་ལ་ཡིད་རྟོན་མི་རུང་བ་སོགས་ཀྱི་སྐྱོན་མེད་དོ། །དེ་བཞིན་དུ་མི་འཚིག་པའི་རིགས་སྔགས་དང་ལྡན་པའི་གང་ཟག་གིས་དམར་འབར་བའི་ལྕགས་གོང་ལ་རེག་པའི་ཚེ། རིགས་སྔགས་ཀྱི་ནུས་པས་ལྕགས་གོང་དམར་འབར་བའི་རེག་བྱར་གྱུར་བའི་གྲང་རེག་གསར་དུ་སྐྱེས་ཤིང་། དེ་འདྲ་བའི་ལྕགས་གོང་གཅིག་པོ་དེའི་རེག་བྱ་ལ་ཚ་གྲང་གི་རེག་བྱ་གཉིས་ཀ་ཡོད་ཀྱང་གང་ཟག་དེས་རིགས་སྔགས་ཀྱི་མཐུས་གྲང་རེག་ལས་ཚ་རེག་མ་མྱོང་བ་ཡིན་གྱི་ཚ་རེག་གྲང་རེག་ཡིན་པ་དང་གང་ཟག་དེས་ལྕགས་གོང་དམར་བ་དེའི་ཚ་བའི་རེག་བྱ་དེ་གྲང་བའི་རེག་བྱར་རྟོགས་པ་མིན་ནོ། །དེ་བཞིན་དུ་རླན་གཤེར་ཕོར་གང་ལ་ལས་ཅན་གྱི་ལྷ་མི་ཡི་དྭགས་གསུམ་གྱིས་བལྟས་པ་དེའི་ཚེ་ན་གང་ཟག་སོ་སོའི་ཐུན་མོང་མ་ཡིན་པའི་ལས་ཀྱི་སྟོབས་ཀྱིས་རླན་གཤེར་དེའི་ཆ་ཤས་སུ་གྱུར་བའི་ཆུ་རྣག་བདུད་རྩི་སོགས་ལ་གང་ཟག་སོ་སོའི་མིག་ཤེས་དག་ཚད་མར་སོང་ཀྱང་ཆ་ཅན་སླན་གཤེར་དེ་ཉིད་ཆུ་རྣག་བདུད་རྩི་གསུམ་ཀ་ཡིན་པར་རྟོགས་པ་མིན་པས་སྐྱོན་མེད་སྙམ་མོ། ། 

སྨྲས་པ།ཟབ་མོའི་ལྟ་བ་ཕྲ་ཞིང་བརླིང་བ་ལ།།དཔྱོད་པའི་བདག་བློ་བླུན་ཅིང་རྩིང་ནའང་།།ཟབ་མོའི་གནས་ལ་བློ་གྲོས་རྒྱས་ཕྱིར་དུ།།བྲིས་པས་བདག་ལ་བཟོད་པར་མཛད་དུ་གསོལ།། ཅེས་པ་འདི་ནི་རྔ་ཡུལ་སྒོ་མང་དགོན་གྱི་གྲལ་མཐའ་བ་བཀའ་རམས་སྐྱོར་དཔོན་སྐལ་བཟང་རྒྱ་མཚོའམ་རྩ་བརྟན་པོ་རུ་འབོད་པས་བྲིས་པའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1