ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-27



མཐུན་སྒྲིལ་དང་། འདྲ་མཉམ། དོ་སྙོམས། ཀུན་ཕན་བཅས་ཀྱི་སྤུས་ཚད་མཐོ་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཀུན་ཕན་དོ་སྙོམས་དང་། མཐུན་སྦྱོར་བསྟུན་མཁས། མཉམ་ལས་གཉིས་ཕན། ཐུན་མོང་དར་རྒྱས་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དུས་རབས་གསར་པ་མཉམ་དུ་གཏོད་དགོས་པའི་ནན་བཤད་གནང་བ། 


 

ཟླ་6ཚེས་24ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་བརྒྱུད་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ《སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་བཙུགས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དུས་རབས་གསར་པ་མཉམ་དུ་གཏོད》ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ། 


 

ཟླ་6ཚེས་24ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་བརྒྱུད་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ《སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་བཙུགས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དུས་རབས་གསར་པ་མཉམ་དུ་གཏོད》ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། འདི་ནི་ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣའི“དྲ་ཐོག་མཉམ་པར”ཡིན་པ།


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་བརྒྱུད་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པོན་དང་། ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ། དབྱི་རན་གྱི་ཙུང་ཐུང་ལའེ་ཤིས། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མཱ་ཕུའུ་ས། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ། པར་ཙིར་གྱི་ཙུང་ཐུང་གཞོན་པ་མོའུ་ལང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི། ཧྥི་ཅིའི་ཙུང་ལི་མུའུ་པའེ་ཉི་མཱ་ལཱ་མ། རྒྱ་གར་གྱི་ཙུང་ལི་མོ་ཏི། མ་ལེ་ཞི་ཡའི་ཙུང་ལི་དབྱི་སི་མའེ་ཨེར། ཐེ་ལན་གྱི་ཙུང་ལི་པཱ་ཡུས་བཅས་ཚོགས་འདུར་ཞུགས་པ་རེད། རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས“དུས་རབས་གསར་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་བཙུགས་ནས་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལག་གདང་སྦྲེལ་ནས་དོན་འཁྱོལ་བྱེད་པའི”བརྗོད་དོན་གཙོ་བོར་དམིགས་ཏེ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་རྒྱ་ཁྱབ་བྱུང་ཡོད།

        མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་གྱི་གློག་འོད་རབ་ཏུ་འཕྲོ་བ་དང་། ཚོགས་ཞུགས་རྒྱལ་ཁབ་ཁག་གི་རྒྱལ་དར་18ཚོན་མདོག་རྣམ་པར་བཀྲ་བ་ཞིག་ཡོད།

        དགོང་མོའི་ཆུ་ཚོད་8པ་ཡོལ་ཙམ་ལ་ཞི་ཅིན་ཕིང་གིས་གླེང་མོལ་ཚོགས་འདུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་བརྙན་ཐུང་ལྷན་དུ་གཟིགས་པ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཉེ་བའི་ལོ་ཤས་རིང་གི་མཉམ་ལས་ཀྱི་དུས་སྐབས་གལ་ཆེན་བསྐྱར་དྲན་གནང་བ་རེད།

        ཞི་ཅིན་ཕིང་གིས《སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་བཙུགས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དུས་རབས་གསར་པ་མཉམ་དུ་གཏོད》ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།

        ཞི་ཅིན་ཕིང་གིས་གསུངས་དོན། འཕེལ་རྒྱས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འགྱུར་མེད་ཀྱི་བརྗོད་བྱ་གཙོ་བོ་ཡིན། རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་ན་གཞི་ནས་མི་དམངས་ཀྱི་འཚོ་བ་ཁམས་བཟང་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཐུབ། དུས་ཡུན་རིང་པོའི་ནང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱས་པར་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོའི་མངའ་ཁོངས་ཕྱེད་ཙམ་བཟུང་བ་དང་ཚན་རྩལ་དང་། སློབ་གསོ། སྤྱི་ཚོགས། རིག་གནས་སོགས་ཁྱབ་ཁོངས་སུའང་འཕེལ་རྒྱས་མྱུར་པོ་བྱུང་ཡོད། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ལས་གོ་ལ་ཧྲིལ་པོའི་ལོ་མང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉམས་རྒུད་ཤུགས་ཆེན་ཕྱིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པའི་འཕེལ་རིམ་ལ་འགོག་རྐྱེན་བཟོས་པ། ལྷོ་བྱང་གི་ཧེ་བག་མུ་མཐུད་ཆེ་རུ་ཕྱིན་པ། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་ལ་ཉམས་ཉེན་ཐོན་ཡོད། དེ་དང་དུས་མཚུངས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དོན་གཉེར་དང་། འཕེལ་རྒྱས་བརྩོན་ལེན། མཉམ་ལས་ལ་སྐུལ་གཏོང་བཅས་བྱེད་པའི་འདུན་པ་སྔར་བས་ཆེ་རུ་སོང་བ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་རང་འཕེལ་གྱི་འདུན་པ་སྔར་བས་བརྟན་དུ་སོང་བ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལས་རྒྱལ་ཁབ་ཁག་ལ་དེ་བས་ཡངས་པའི་གོ་སྐབས་བསྐྲུན་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེ་ནི་འགྲན་སློང་གིས་ཁེངས་པའི་དུས་རབས་ཤིག་རེད་ལ་རེ་བས་ཁེངས་པའི་དུས་རབས་ཤིག་ཀྱང་རེད། ང་ཚོས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་བྱས་ཏེ་ཡིད་ཆེས་བརྟན་དུ་གཏོང་བ་དང་། བྱ་སྤྱོད་སྤེལ་བ། རྡོག་རྩ་གཅིག་ཏུ་སྒྲིལ་བ། ངར་ཤུགས་གཅིག་ཏུ་སྒྲིམ་པ། ནུས་ཤུགས་ཡོད་རྒུ་འདོན་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀུན་ཕན་དོ་སྙོམས་དང་། མཐུན་སྦྱོར་བསྟུན་མཁས། མཉམ་ལས་གཉིས་ཕན། ཐུན་མོང་དར་རྒྱས་བཅས་ཀྱི་འཕེལ་རྒྱས་ཀྱི་བཀོད་པ་མཉམ་དུ་གཏོད་དགོས་པ་སྟེ།

        དང་པོ། ང་ཚོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱལ་སྤྱིའི་ངོས་འཛིན་གཅིག་མཐུན་ཐུན་མོང་ཐོག་གཅིག་སྡུད་བྱེད་དགོས་ཤིང་། རྒྱལ་ཁབ་ཁག་གི་མི་དམངས་ཚང་མ་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་ན། གཞི་ནས་དར་རྒྱས་རྒྱུན་སྲིང་ཐུབ་པ་དང་། གཞི་ནས་བདེ་འཇགས་འགན་ལེན་ཐུབ་པ། འགྲོ་བ་མིའི་ཐོབ་ཐང་ལ་གཞི་ནས་རྨང་གཞི་ཡོད་པ་བྱེད་ཐུབ། འཕེལ་རྒྱས་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཐོག་བཞག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱས་ཏེ། མི་ཚང་མས་འཕེལ་རྒྱས་ལ་མཐོང་ཆེན་དང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་མཉམ་ལས་བྱེད་པའི་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་གཏོད་དགོས་པ་དང་།

        གཉིས་པ། ང་ཚོས་འཕེལ་རྒྱས་ལ་ཕན་འདོགས་པའི་རྒྱལ་སྤྱིའི་ཁོར་ཡུག་ཐུན་མོང་ཐོག་སྐྲུན་དགོས་ཤིང་། སྲུང་སྐྱོབ་རིང་ལུགས་ནི་རང་གི་རྐང་ལག་རང་གིས་བསྡམས་པ་ལྟ་བུ་ཡིན་པས། “ཤོག་ཁག་ཆུང་ངུ”བཙུགས་ན་རང་ཉིད་ཁེར་རྐྱང་དུ་ལུས་པ་དང་། བཀག་སྡོམ་བྱས་དྲགས་ཚེ་གཞན་གནོད་རང་འཕུང་བྱེད་སྲིད་པ། འབྲེལ་ཐག་བཅད་ན་བྱ་བ་སྒྲུབ་ཐབས་མེད་ལ་ཕུགས་འཕེར་མི་ཐུབ་པ་བཅས་རེད། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་དང་ཕྱར་བ་གྲུ་འདེགས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ཐོག་སྔར་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དང་ལམ་ལུགས་ཀྱི་ཁོར་ཡུག་སྐྲུན་དགོས་པ།

        གསུམ་པ། ང་ཚོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཐུན་མོང་ཐོག་སྐྱེད་སྲིང་བྱེད་དགོས་ཤིང་། ཚན་རྩལ་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ལག་རྩལ་གཞན་སྒྱུར་དང་ཤེས་བྱ་མཉམ་སྤྱོད་བྱེད་མགྱོགས་སུ་གཏོང་བ། དེང་རབས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲངས་གཞིའི་ཧེ་བག་ཆུང་དུ་གཏོང་བ། ཐཱན་ཉུང་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་དེ་བས་ཤུགས་ཆེ་བ་དང་། ལྗང་མདོག སྐྱོན་བྲལ་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ།

        བཞི་པ། ང་ཚོས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་དགོས་ཤིང་། མཉམ་ལས་བྱས་ན་གཞི་ནས་དོན་ཆེན་སྒྲུབ་ཐུབ་པ་དང་། བྱ་བ་བཟང་པོ་སྒྲུབ་ཐུབ་པ། ཕུགས་ཀྱི་བྱ་བ་སྒྲུབ་ཐུབ་པ་བཅས་རེད། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འོས་འགན་སྒྲུབ་དགོས་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པ། ལྷོ་བྱང་ཕྱོགས་གཉིས་པོས་ཕྱོགས་མཐུན་མདུན་སྐྱོད་བྱས་ཏེ་མཐུན་སྒྲིལ་དང་། འདྲ་མཉམ། དོ་སྙོམས། ཀུན་ཕན་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་མཉམ་དུ་བཙུགས་ནས་རྒྱལ་ཁབ་གང་རུང་ཞིག་དང་མི་སུ་ཞིག་ཡིན་རུང་རྗེས་སུ་ལུས་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ཁྲོད་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་བཟོ་ཚོང་ལས་རིགས་དང་། སྤྱི་ཚོགས་ཚོགས་པ། སྨྱན་སྦྱོར་ཇུས་འདོན་ཚོགས་པ་བཅས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ནང་ཞུགས་རྒྱུར་སྐུལ་མ་གཏོང་དགོས་པ་བཅས་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེ་མོའི་ཁོངས་མི་ཞིག་ཡིན། ཀྲུང་གོས་དམ་པ་དོན་གཉེར་གྱི་བྱེད་ཐབས་སྤྱད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་།

        ——ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ལ་ཐོན་ཁུངས་གཏོང་ཤུགས་ཆེ་རུ་བཏང་ནས་ལྷོ་ལྷོ་མཉམ་ལས་ཀྱི་རོགས་སྐྱོར་ཐེབས་རྩ་དེ“གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཀྱི་ཐེབས་རྩར”བསྡུ་སྒྲིལ་རིམ་སྤོར་བྱས་ཏེ། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐེབས་རྩར་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་མཉམ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་།

        ——ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་ཐོན་ཁུངས་སྐུལ་སློང་བྱེད་པ། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་དང་དབུལ་སྒྲོལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་དང་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ། ནུས་རྒྱུ་གཙང་མའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་བ་བཅས་དང་། རིམས་འགོག་སྨན་ཁབ་གསར་གཏོད་ཞིབ་འཇུག་གསར་སྤེལ་དང་མཉམ་འབྲེལ་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ། སྐམ་ས་དང་རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་ཆེ་རུ་བཏང་ནས་བཟོ་ལས་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ་དང་གྲངས་འཛིན་དུས་རབས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་བཅས་བཏང་སྟེ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ།

        ——ཀྲུང་གོས་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་ཤེས་བྱའི་ཉམས་མྱོང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྐུལ་འདེད་ལྟེ་གནས་བཙུགས་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཤེས་བྱའི་དྲ་རྒྱ་འཛུགས་པ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱེད་པ་དང་། འཛམ་གླིང་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་གཉེར་ནས་གོ་ལ་ཧྲིལ་པོའི་གཞོན་ནུའི་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་གཞི་མཉམ་དུ་བཏོན་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་ཆེད་སྟོབས་ཤུགས་ཆེ་ཤོས་གཅིག་སྡུད་བྱ་རྒྱུ་བཅས་རེད།

        ཞི་ཅིན་ཕིང་གིས། “བློ་ཁ་མཐུན་ན་མི་འགྲུབ་བྱ་བ་ཅི་ཡང་མེད”ང་ཚོས་ཡིད་ཆེས་བརྟན་པོ་བཅངས་ཏེ་སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་འཛུགས་པའི་ཡང་དག་པའི་ཕྱོགས་སུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་དར་རྒྱས་གོང་འཕེལ་གྱི་དུས་རབས་གསར་པ་མཉམ་དུ་གཏོད་དགོས་ཞེས་གསུངས་པ་རེད།

        ཚོགས་ཞུགས་འགོ་ཁྲིད་མི་སྣས་སོ་སོར་གཏམ་བཤད་གནང་ཞིང་། ཁོང་ཚོས་ཀྲུང་གོ་ཕྱོགས་ཀྱིས་གྲོས་འགོ་བཏོན་པ་དང་འབྲེལ་ད་ཐེངས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ་གཙོ་གཉེར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱས་བཤད་གཏིང་ཟབ་ལ་བསྔགས་བརྗོད་ཆེན་པོ་གནང་བ་རེད། མིག་སྔའི་རྒྱལ་སྤྱིའི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་འགྲན་སློང་དྲག་པོ་འཕྲད་ཡོད། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནི་དེ་བས་དྲང་གཞག་དང་དོ་སྙོམས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གཏོད་རྒྱུ་དང་། ཞི་བདེ་དང་། བདེ་འཇགས། འདྲ་མཉམ། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་ཤིག་ཡིན་པས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གནད་དོན་དེ་ལྟེ་བའི་གནས་བབ་ཐོག་འཇོག་རྒྱུར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་ཆེ་བའི་དགོས་མཁོ་དང་རེ་སྒུག་དང་འཚམ་པའི་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1