སི་ཁྲོན་མཛོད་དགེ་བརླན་སའི་ཁྲུང་ཁྲུང་སྐེ་ནག་གི་སྒོ་ང་རུམ་པའི་དུས་ཚིགས་སླེབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 06-30



  

        ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཡིན་ལ། ས་མཐོར་འཚོ་བའི་ཁྲུང་ཁྲུང་རིགས་གཅིག་པུ་དེའང་ཡིན།  ལོ་རེའི་ཟླ་དྲུག་པ་དང་བདུན་པ་ནི་ཁྲུང་ཁྲུང་སྐེ་ནག་གིས་སྒོ་ང་རུམ་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ད་ལྟ་ཁྲུང་ཁྲུང་སྐེ་ནག་གི་སྒོ་ང་ཁག་གཅིག་བཀད་ནས་ཁྲུང་ཕྲུག་སྒོར་ཐོན་ཡོད། 

 

         ཉེ་ཆར། ས་གནས་དེ་གའི་སྐྱེ་ཁམས་བདག་སྐྱོང་བས་སྐོར་ཞིབ་བྱེད་སྐབས། ལག་ཁྱེར་ཁ་པར་གྱིས་ཐག་ཉེ་ས་ནས་ཁྲུང་ཁྲུང་དང་ཁྲུང་ཕྲུག་གི་གཟུགས་བརྙན་པར་ལེན་ཐུབ་པ་བྱུང་། པར་རིས་སུ་ཁྲུང་ཁྲུང་སྐེ་ནག་གི་ཁྲུང་ཕྲུག་ཆུང་ཆུང་ནི་ལུས་ཕུང་ཞན་པ་དང་སྐབས་འགར་ལངས་ནས་འདུག་ཅིང་། སྐབས་འགར་ཉལ་ནས་འདུག་པས། ཧ་ཅང་སྙིང་རྗེ་བོ་འདུག  ཁྲུང་ཁྲུང་གསར་སྐྱེས་ཀྱི་སྤུ་མདོག་ནི་སེར་སྐྱ་ཡིན་ཞིང་། སྐྱེས་པའི་དུས་སུ་ཕ་མའི་རྗེས་སུ་འབྲངས་ནས་མགྱོགས་པོས་ལྟོ་འཚོལ་བ་དང་། འཕུར་རྩལ་སྦྱངས་ནས་ཟླ་ཤས་སོང་རྗེས། ལུས་ཕུང་གི་ལྗིད་ཚད་དེ་ཁྲུང་ཁྲུང་དར་མའི་ཆེ་ཆུང་ལ་སླེབས་ངེས། འཚར་ལོངས་ཁྲོད་ཁྲུང་ཁྲུང་གི་གཤོག་པ་རྒྱས་ཏེ་ཁྲུང་ཁྲུང་སྐེ་ནག་ཏུ་འགྱུར་གྱིན་ཡོད།

 

         མཛོད་དགེ་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐོར་ཞིབ་པ་རིག་ཁོས་བཤད་རྒྱུར། ཉིན་རེར་སྐོར་ཞིབ་བྱེད་སྐབས་ད་ལོའི་ཁྲུང་ཁྲུང་སྐེ་ནག་གིས་སྒོ་ང་འཇོག་པའི་དུས་ཡུན་ནི་སྔ་མ་ལས་ཅུང་སྔ་བ་ཤེས་རྟོགས་བྱུང་། དེ་ལྟར་རྩིས་བརྒྱབ་ཚེ། སྒོ་ང་གཏོང་བའི་དུས་ཡུན་ཀྱང་སྔོན་ལ་སྣུར་ཐུབ། མིག་སྔར་ང་ཚོའི་འདི་གར་ཁྲུང་ཁྲུང་སྐེ་ནག་གི་སྒོ་ང་བརྒྱ་ཆ80བཀད་ཟིན་པ་དང་། ལྷག་མའི་བརྒྱ་ཆ20ཀྱང་གཅིག་རྗེས་གཉིས་མཐུད་དུ་འགད་བཞིན་ཡོད་ཟེར།


         ཉེ་བའི་ལོ་འགའི་རིང་། མཛོད་དགེ་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་དོན་མི་སྣ་དང་། ས་གནས་དེ་གའི་སྐྱེ་ཁམས་བདག་སྐྱོང་བས་རྒྱུན་ལྡན་གྱི་སྐོར་ཞིབ་བྱེད་སྐབས། ཁྲུང་ཁྲུང་སྐེ་ནག་གི་མཚེ་མའི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་ཕྱིན་པར་མ་ཟད། གསོན་ཚད་ཀྱང་མཐོ་ཙམ་ཡོད་པ་དེའི་ཐོག་ནས། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་མཚོན་ཐུབ་པས། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་སྣ་ཚོགས་འདིར་འཚོ་སྡོད་དང་སྐྱེ་འཕེལ་བྱེད་པར་ཧ་ཅང་འཚམས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1