ལོ་བཅུའི་རོགས་སྐྱོར་བརྩེ་བས་རྒྱུན་བསྲིངས་ནས་། གསེར་མདོག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསུ།——ཝུན་ཅང་ཆུས་ཀྱིས་ཁ་གཏད་རོགས་སྐྱོར་ལས་ཀའི་རུ་ཁག་ཁག་དྲུག་པའི་ལོ་འཁོར་གཅིག་གི་དངོས་བྲིས།

ལིའུ་ཀྲི་ཡིས་བྲིས་ཤིང་ཝུན་ཅང་ཆུས་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ། རིག་འཛིན་རང་གྲོལ་གྱིས་བསྒྱུར། ཡོང་ཁུངས། སྤེལ་དུས། 07-04


“ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཞེས་པ་ནི་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། ཤིི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་གལ་ཆེའི་དོན་སྙིང་གསལ་བཤད་གཏིང་ཟབ་གནང་བ་རེད།

ཐེངས་འདིའི་ལེ་ཚན་དུ“མཐོ་སྒང་ལ་གཅེས་སེམས་ཕུལ”ཞེས་པའི་བརྗོད་དོན་གཙོ་བོར་བྱས་ཏེ། ཁྲེན་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀྱིས་གསེར་རྟ་རྫོང་ལ་ལོ་བཅུའི་རིང་རོགས་སྐྱོར་འཛུགས་སྐྲུན་བྱས་པའི་གཏམ་རྒྱུད་བརྗོད་ཡོད།

དབྱར་ཟླ་ལྔ་པར། སི་ཁྲོན་ནུབ་རྒྱུད་ས་མཐོར་གནས་པའི་གསེར་རྟ་རྩྭ་ཐང་གོས་ལྗང་བཀླུབས་པ་དང་འདྲ་ལ། གསེར་ཁོག་གྲོང་རྡལ་ཞོར་རོགས་གྲོང་ཚོའི་ལས་ཡུལ་དུ་བྲེལ་འཚུབ་ཀྱིས་ཁེངས་འདུག་ལ། ཝུན་ཅང་གིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི་1800བཏང་ནས་རོགས་སྐྲུན་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་སྔོན་སྐྱོད་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་དེ་འཆར་གཞི་ལྟར་སྐྲུན་བཞིན་ཡོད་པ་རེད། ཨར་ལས་བྱ་ཡུལ་གྱི་འགན་འཁུར་པས་ང་ཚོ་ལ། གནམ་གཤིས་དྲོ་རུ་ཕྱིན་མ་ཐག་ཨར་ལས་ཀྱི་ཆ་རྐྱེན་འཛོམས་པས་ང་ཚོས་ལས་འགོ་ཚུགས་པ་ཡིན། ད་ཆ་ས་ཆ་ཁོད་སྙོམས་དང་མཐའ་སྐོར་བ་སོགས་ཀྱི་ལས་ཀ་ལེགས་གྲུབ་བྱུང་སོང་ཞེས་ངོ་སྤྲོད་བྱས།

འདི་ནི་ཝུན་ཅང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་ཁག་དྲུག་པ་གསེར་རྟ་རུ་བཅའ་སྡོད་བྱས་ཏེ། རེས་སྐོར་གསར་པའི་ཁ་གཏད་རོགས་སྐྱོར་ལས་དོན་སྒྲུབ་པའི་ཟུར་ཙམ་ཡིན་ལ། ལོ་གཅིག་རིང་།ལས་དོན་རུ་ཁག་གིས་གསེར་རྟར་ཅི་ཞིག་མཁོ་བ་དང་ཝུན་ཅང་གིས་གང་ཞིག་སྒྲུབ་ནུས་པའི་འགན་འཁྲི་འཁུར་སེམས་དང་། གསོ་རླུང་མི་འདང་རུང་སྙིང་སྟོབས་ཉམས་པ་མེད་པ་དང་། ས་བབ་མཐོན་པོ་ནས་བློ་རྒྱ་དེ་བས་ཆེ་བའི་རོགས་སྐྱོར་སྙིང་སྟོབས། ཐུན་མོང་ཐོག་ལོངས་སྤྱོད་འགན་ཁུར་དང་མཉམ་ལས་གཉིས་ཕན་གྱི་རོགས་སྐྱོར་འདུ་ཤེས་བཅས་ཀྱི་ཐོག་ནས་ཐོན་ལས་རང་བརྟེན་དང་། དམངས་འཚོར་ཕན་འདོགས་པ། ས་ཁོངས་ཧྲིལ་པོར་རོགས་སྐྱོར་བྱེད་པ་བཅས་ཀྱི་ཐོག་ནས་གསེར་རྟ་རྫོང་གིས་རྒྱུན་མཐུད་ངང་དབུལ་གྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏང་རྒྱུར་སྦྲེལ་མཐུད་ངང་སྐུལ་འདེད་གཏང་ཆེད་ཝུན་ཅང་གི་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་གིས་འབུལ་བཞིན་ཡོད།
ལས་གཞི་དམ་འཛིན་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་འཚོལ་བ།


ཝུན་ཅང་གིས་ང་ཚོར་རོགས་བྱས་ཏེ་འཛུགས་སྐྲུན་བྱས་པའི་ཀྲུང་ལུགས་དང་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་ཀྱི་དཔེ་སྟོན་རྟེན་གཞིའི་ལས་གཞི་ནས་ལོ་རེར་མུའུ་རེར་སྒོར་40ཡི་འགྲོ་གྲོན་ལ་གཞིགས་ནས་ས་ཞིང་མུའུ་2500ཡི་ཐོག་ནས་ལྕུམ་རྩྭ་འདེབས་འཛུགས་བྱས་ཡོད་པ་དང་། མུའུ་རེ་ནས་ཐོན་འབབ་སྤྱི་རྒྱ་800ལས་མི་ཉུང་བ་ཐོན་ཞིང་། སྒོར་10ལས་མི་དམའ་བའི་ཐོག་ནས་ཉོ་སྒྲུབ་བྱས་པ་ལྟར་ན། ཞིང་འབྲོག་མང་ཚོགས་ཀྱིས་རྩྭ་ཐང་རྨོ་ཞིང་རྒྱུན་འཁོར་དང་རྟེན་གཞི་དེར་ཡོང་ནས་གླ་པ་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཡོང་འབབ་འཕར་ཐུབ་པ་བྱེད་བཞིན་ཡོད་ཅེས་རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱི་འགན་འཁུར་པས་ངོ་སྤྲོད་བྱས་པ་དང་། དུས་མཚུངས་སུ་ལྕུམ་རྩྭ་འདེབས་འཛུགས་བྱས་པའི་ས་ཞིང་གཙོ་བོ་ནི་གྲམ་ཐང་དང་། ཨ་བྲའི་གནོད་འཚེ་ཐེབས་ས། ས་ཞིང་མཁྲེགས་པོ་བཅས་ཡིན་པ་དེས་སྣོད་བཅུད་བཅོས་སྐྱོང་དང་ཆུ་ཁུངས་གསོ་སྐྱོང་། བྱེ་འགོག་སོགས་ཀྱི་ཐད་གནད་འགག་གི་ནུས་པ་ཐོན་བཞིན་ཡོད།

“རོགས་རམ་བྱེད་པར་གནད་ལ་འཁེལ་དགོས་ལ། རོགས་སྐྱོར་བྱེད་པར་གནད་འགག་རྙེད་དགོས”ཞེས་པ་ལྟར་ལས་དོན་རུ་ཁག་གི་རུ་སྣེ་ཁྲིད་མཁན་དང་རྫོང་ཏང་ཨུའི་རྒྱུན་ཨུ། རྫོང་དཔོན་གཞོན་པ་ཀྲང་ཝུའེ་ཡིས། ཝུན་ཅང་གི་རེས་སྐོར་གསར་པའི་ཁ་གཏད་རོགས་སྐྱོར་རྣམ་གྲངས་ཀྱི་འཆར་འགོད་དེ་གསེར་རྟ་རྫོང་གི“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི”འཆར་འགོད་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་གི་དམིགས་འབེན་ལ་དམིགས་ནས། ཐོན་ལས་རང་བརྟེན་དང་དམངས་འཚོའི་མི་འདང་ས་ཁ་གསབ་ཐད་ལ་གཞིགས་ནས། མི་བཟོས་གཟན་རྩྭ་དང་ཀྲུང་ལུགས་དང་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་སོགས་གཙོ་གནད་རྣམ་གྲངས་ལ་དམིགས་ཏེ། ཞིབ་བསྡུས་ཅན་གྱི་མ་དངུལ་བེད་སྤྱོད་དང་། མ་འཇོག་གཙིགས་ཆེན་བྱས་ཏེ་འཛུགས་སྐྲུན་ལ་ཤུགས་རྒྱག་པའི་བསམ་ཕྱོགས་ལ་གཞིགས་ཏེ་འབྱུང་འགྱུར་ལོ་ལྔའི་ནང་སྒོར་དུང་ཕྱུར་1ཙམ་གྱི་ཆེད་དོན་མ་དངུལ་གཅིག་སྡུད་བྱས་ནས། གཙོ་གནད་ལས་གཞི་7རོགས་སྐྲུན་བྱས་ཏེ་གསེར་རྟ་རྫོང་གི་ཐོན་ལས་ཀྱི་མ་ལག་བརྟན་གཏོང་དང་སྤྱི་པའི་ཞབས་ཞུའི་མི་འདང་ས་དང་ཞན་ས་ཁ་གསབ་བྱས་ནས་འབྲོག་ལས་ཐོན་འཕར་དང་། འབྲོག་པའི་ཡོང་འབབ་འཕར་སྣོན། འབྲོག་ཁུལ་གྱི་མཛེས་སྡུག་མངོན་དུ་འཇུག་པ། སྐྱེ་ཁམས་ལེགས་བཅོས་བཅས་ལ་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད། 2021ལོར་ཝུན་ཅང་ཆུས་ཀྱིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་1755བཏང་བ་དང་ལས་གཞི་3ལག་བསྟར་བྱས་ནས་ཚང་མ་ལེགས་གྲུབ་བྱུང་བ་དང་། 2022ལོར་རོགས་སྐྱོར་མ་དངུལ་སྒོར་ཁྲི་2517གཏོང་རྒྱུ་དང་ལས་གཞི་5ལག་བསྟར་བྱ་རྒྱུ་ཡིན་པས་ད་ཆ་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་བཙུགས་ཡོད།
དམངས་འཚོར་མཐོང་ཆེན་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན།

ངས་ད་ལྟ་ཐུང་དབྱི་སྤྱི་གཉེར་ཁང་དུ་ལས་ཀ་བྱེད་བཞིན་ཡོད། འགན་བཅོལ་ཕུད་ད་དུང་ཟླ་རེར་གླ་ཆ་སྒོར་5000ལྷག་ཙམ་འདུག །ཟླ་བ་གཅིག་གི་ཡོང་འབབ་ཀྱིས་ངའི་ནུ་བོའི་སློབ་དུས་གཅིག་གི་འགྲོ་གྲོན་ཐག་གཅོད་ཐུབ་པས། ཁྱིམ་མི་ཚོར་སེམས་ཁྲལ་མེད་པར་བྱས་སོང་ཞེས་ལོ་21ལ་སླེབས་པའི་གསང་པོས་དེ་ལྟར་བཤད། གསང་པོ་ནི་གསེར་རྟ་རྫོང་ར་ཁྲོམ་ཤང་སྲན་བྲག་གྲོང་ཚོ་ནས་ཡིན་ཞིང་། ད་ལོའི་ཟླ་དང་པོར་མོ་རང་ཝུན་ཅང་རོགས་སྐྱོར་ལས་བྱེད་པའི་སྣེ་ཁྲིད་འོག་ཝུན་ཅང་དུ་ལས་ཀ་བྱེད་པར་བསྐྱོད་པ་དང་ཞིང་འབྲོག་དཀྱུས་མ་ཞིག་ནས་ཁེ་ལས་ཀྱི་ལས་བཟོ་པར་གྱུར་ནས་ཁྱིམ་ཚང་གི་ཡོང་འབབ་བརྟན་པོ་ཡོད་པ་མངོན་འགྱུར་བྱུང་ཡོད།

ཝུན་ཅང་ཆུས་ཀྱིས་སློབ་གསོའི་རོགས་སྐྱོར་སྤེལ།


ཝུན་ཅང་ཆུས་ཀྱིས་འཕྲོད་བསྟེན་དང་འབྲེལ་བའི་རོགས་སྐྱོར་སྤེལ།
གསེར་རྟ་རྫོང་གི་ངལ་རྩོལ་ནུས་ཤུགས་རང་ས་ནས་ལས་ཀར་ཞུགས་པའི་གོ་སྐབས་དེ་འདྲ་མང་པོ་མེད་པ་དང་། ཕྱི་ལ་ལས་ཀར་ཞུགས་པའི་ལས་གནས་བརྟན་པོ་ཡོང་དཀའ་བར་དམིགས་ནས། ལས་དོན་རུ་ཁག་གིས་ལྟེ་བ་གཅིག་དང་སྟེགས་བུ་གཉིས་(གསེར་རྟ་ནས་ངལ་ནུས་ཕྱིར་གཏོང་ཞབས་ཞུའི་ལྟེ་གནས་བཙུགས་པ་དང་ཝུན་ཅང་དུ་གསེར་རྟ་རྫོང་གི་ངལ་ནུས་ཕྱིར་གཏོང་ལས་དོན་ས་ཚིགས་དང་གསེར་རྟ་རྫོང་གི་ལས་མིའི་ཁྱིམ་གཞིས་འཛུགས་པ)ཀྱི་ངལ་ནུས་ཕྱིར་གཏོང་བྱེད་སྟངས་གསར་པ་བཙུགས་ནས་ཚད་ལྡན་ཅན་གྱི་གསོ་སྦྱོང་དང་། མངགས་ཐོ་རྣམ་པའི་ཕྱིར་གཏོང་། གཅིག་འཐུས་རྣམ་པའི་ཞབས་ཞུ་བཅས་བྱེད་ཐབས་གསུམ་ལ་བརྟེན་ནས་ངལ་རྩོལ་ནུས་ཤུགས་མཁོ་སྤྲོད་ཐུབ་པ་དང་། ལས་ཀ་ཡག་པོ་སྒྲུབ་ཐུབ་པ། གནས་ཐུབ་པ་བཅས་ཀྱི་འགན་ལེན་བྱས། 2022ལོའི་ཟླ་དང་པོ་ནས་ལྔ་པའི་བར་ངལ་ནུས་མི་1183སྔ་རྗེས་སུ་ཕྱིར་གཏོང་བྱས་པའི་ནང་དབུལ་སྒྲོལ་དུད་ཚང་386ཡོད་པས། ལག་རྩལ་གཅིག་ཁོང་དུ་ཆུད་པ་དང་། མི་གཅིག་ལས་ཞུགས་ཐུབ་པ། ཁྱིམ་ཚང་གཅིག་ཕྱུག་པོ་ཆགས་པ། སྡོད་ཁུལ་གཅིག་སྣེ་ཁྲིད་ཐུབ་པ་བཅས་མངོན་འགྱུར་བྱུང་ཡོད།

སློབ་གསོ་ནི་དམངས་འཚོའི་རྨང་གཞི་ཡིན་ལ། སྨན་བཅོས་ནི་དམངས་འཚོའི་དགོས་མཁོ་ཡིན་པས། ཝུན་ཅང་གིས་རོགས་སྐྱོར་བྱེད་པའི་གཙོ་གནད་ཁྱབ་ཁོངས་ཀྱང་དེ་ཡིན། 2021ལོ་ནས་ད་བར་ཝུན་ཅང་ཆུས་ཀྱིས་སློབ་གྲྭ་འབྲིང་ཆུང་5ཡི་རྐང་འཛིན་དགེ་རྒན་གྲགས་ཅན་21སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་གསེར་རྟ་རུ་དགེ་རྒན་གྲགས་ཅན་སློབ་ཁྲིད་བྱེད་པའི་བྱེད་སྒོ་སྤེལ་བ་དང་ཝུན་ཅང་གི་ཉམས་མྱོང་གསེར་རྟ་རུ་འཁྱེར་ནས་གཅིག་གཏད་གཅིག་གི་ཆ་སྒྲིག་རོགས་སྐྱོར་དང་ཚན་ཞིབ་གླེང་སྟེགས་སོགས་བྱེད་སྒོ་སྤེལ་ནས་རྫོང་ཡོངས་ཀྱི་དགེ་རྒན་གྱི་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་རེད། རྫོང་ཡོངས་ཀྱི་ལོ་ན་ཆུང་བའི་སློབ་མར་རིས་དེབ་སོགས་ཀློག་དེབ་ཁྲི་3.3ལྷག་ཞལ་འདེབས་གནང་བ་དང་། ཕྲུ་གུ་ཚོས་དཔེ་ཀློག་བྱས་པར་བརྒྱུད་རྒྱ་སྐད་ནུས་པ་ཆེ་རུ་བཏང་བ་དང་། གསེར་རྟ་རྫོང་གི་བུད་མེད་རྐང་གྲུག་རུ་ཁག་དང་པོ་དང་སྐྱེས་པའི་གཟེབ་གྲུག་རུ་ཁག་བཙུགས་ནས་སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། སྨན་བཅོས་རིམ་སྤོར་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་སྨན་པས་ཁྱོན་སློབ་མ་55ལ་ཁ་གཏད་རོགས་སྐྱོར་གྱི་གན་རྒྱ་བཞག་ཡོད་པ་རེད། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་ནས་ལག་རྩལ་བརྒྱུད་སྤྲོད་བྱས་པ་དང་། སློབ་མ་མང་པོ་ཞིག་གིས་གོ་མིང་དང་ཆེད་ལས་རྩལ་ནུས་སོགས་ཀྱི་ཡིག་རྒྱུགས་ལ་རྒྱུགས་འབྲས་གཡུར་ཟ་ཐོབ། མངལ་ནས་འདོན་པ་དང་། གནོན་ཤུགས་མི་ཐེབས་པར་མངལ་ཤོར་དུ་འཇུག་པ། སྐེ་ཡི་ཁྲག་རྩའི་སྒྲ་འདས་བརྟག་དཔྱད་སོགས་ལག་རྩལ་གསར་པ་ཁག་11ནང་འདྲེན་བྱས་པ་དང་དེ་བཞིན་མེ་བཙའ། མེ་བུམ་རྒྱག་པ། ལ་བཅོས་སོགས་ཀྲུང་ལུགས་གསོ་རིག་ལག་རྩལ་གསར་པ་དང་འཚམ་པར་བྱས་ནས་སྨན་བཅོས་ལག་རྩལ་ཆུ་ཚད་མཐོ་རུ་བཏང་སྟེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཚོར་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས།


 ཐབས་ལམ་ཆེ་རུ་བཏང་ནས་ས་ཁོངས་ཡོངས་ཀྱི་རོགས་སྐྱོར་སྒུལ་ཤུགས་གསར་པ་འཚོལ་སྙེག་བྱས།


ལས་དོན་རུ་ཁག་གིས་ད་དུང་སྤྱི་ཚོགས་ཀྱི་རོགས་སྐྱོར་སྟོབས་ཤུགས་ནང་འདྲེན་ཧུར་ཐག་བྱས་ནས་ཆ་སྒྲིག་རོགས་སྐྱོར་གྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་ས་ཁོངས་ཧྲིལ་པོར་རོགས་སྐྱོར་བྱེད་ཤུགས་དང་ཚད་གཞི། སྙིང་ཉེ་ཚད་བཅས་མུ་མཐུད་ཆེ་རུ་བཏང་བ་རེད། བརྩེ་བ་གསེར་རྟར་བཅངས་ཡོད་ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཇུས་འགོད་བྱས་ནས་སྤྱི་ཚོགས་རྩ་འཛུགས་4དང་གཅེས་སེམས་ཁེ་ལས་14གསེར་རྟ་རུ་བསྐྱོད་དེ་གཅེས་སེམས་ཞལ་འདེབས་ཕུལ་བ་དང་སློབ་སྐྱོར་ཞལ་འདེབས་ཕུལ། དངུལ་དང་དེ་བཞིན་དངོས་ཟོག་སྣ་ཚོགས་སྒོར་ཁྲི་83.69ཞལ་འདེབས་བརྒྱབ་པ། དཀའ་ངལ་ཡོད་པའི་སློབ་མ་མི་ཐེངས་68ལ་རོགས་སྐྱོར་བྱས་པ། ཝུན་ཅང་ཆུས་ཀྱི་སྡེ་ཚན་དང་གྲོང་རྡལ། སྲང་ལམ་ཁག་གིས་གསེར་རྟ་ལ་རོགས་སྐྱོར་འཕེལ་རྒྱས་ཀྱི་མ་དངུལ་དང་རོགས་སྐྱོར་དངོས་པོ་དཀོན་རིགས་ལ་ཁྱོན་སྒོར་ཁྲི་308.95ཞལ་འདེབས་ཕུལ་ཡོད་པ་རེད། ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ་འབུམ་རམས་པ་ལེའང་དབྱི་ཅན་གྱིས་ཚོགས་པ་ཁྲིད་དེ་དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་དབང་པོ་སྐྱོན་ཅན་46ལ་སྨན་ཡོན་མི་དགོས་པའི་སྨན་བཅོས་ཞབས་ཞུ་བྱས་པ་རེད།

གསེར་རྟའི་ཤ་སྐམ་དང་ཞོག་ཁོག་དམར་པོ་སོགས་ཁྱད་ལྡན་སྤུས་ལེགས་ཐོན་རྫས་ཚོང་ཁང་ཆེ་གྲས་དང་ཚོང་འདུས་ཁྲོམ་ར་དང་ཆབས་ཅིག་དྲ་ཐོག་ཕྱིར་ཚོང་ལས་སྟེགས་དང་སྦྲེལ་མཐུད་བྱས་ནས་ས་གནས་དེ་གའི་ཁེ་ལས་ལ་སློབ་གསོ་པུའུ་ཡི་དྲ་བའི་རོགས་སྐྱོར་ལས་སྟེགས་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་832ཀྱི་དྲ་ཐོག་ཚོང་དོན་ཕྱིར་ཚོང་ལས་སྟེགས་ནང་ཞུགས་རོགས་བྱས་པ་དང་2021ལོའི་ལོ་མཇུག་ནས་བཟུང་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་11400ལྷག་ཙམ་མང་དུ་བཏང་ཡོད། ཞིང་ལས་ཁྱད་ལྡན་ཐོན་རྫས་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཉོ་སྒྲུབ་ཀྱིས་ཞལ་འདེབས་ཀྱི་ཚབ་བྱེད་པའི་འཛད་སྤྱོད་རོགས་སྐྱོར་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་ཁ་གཏད་འཛད་སྤྱོད་རོགས་སྐྱོར་བསྡོམས་འབོར་སྒོར་ཁྲི་150ཟིན་ཡོད་པ་རེད། གསེར་རྟའི་འོད་དང་རླུང་། ཆུའི་ཐོན་ཁུངས་བཅས་ཀྱི་སྤུས་ཚད་ལ་གཞི་ཚུགས་ཏེ་ནུས་རྒྱུ་གཙང་མའི་སྤྱི་གཉེར་ཁང་དང་རང་འགུལ་ངང་འབྲེལ་བ་བྱེད་པ་དང་འབྲེལ་ནང་འདྲེན་ཡང་བྱས་ནས་འོད་ཤུགས་ཀྱི་ཐོན་ལས་རོགས་སྐྱོར་ཐབས་ལམ་གསར་པར་འཚོལ་ཞིབ་བྱས་ཏེ་འབག་མེད་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ནས་གསེར་རྟ་རྫོང་དེ་ཉིད་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་ཞིག་ཏུ་བསྐྲུན་རོགས་བྱ་རྒྱུ་རེད།

ཝུན་ཅང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་གྱི་ལོ་བཅུ་ནི་གསེར་རྟའི་ལོ་རྒྱུས་ཐོག་འཕེལ་རྒྱས་མགྱོགས་ཤོས་དང་ཡར་རྒྱས་ཆེ་ཤོས་ཀྱི་ལོ་བཅུ་ཡིན་ཞེས་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། གསེར་རྟ་རྫོང་ཏང་ཨུའི་ཧྲུའུ་ཅི་ཧོ་པེའོ་ཡིས་བརྩེ་བ་ཟབ་མོའི་སྒོ་ནས་བཤད། ཝུན་ཅང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་ཁག་དྲུག་པས་རྒན་རབས་ཚོའི་ལམ་བུ་བརྒྱུད་དགོས། གསེར་རྟ་ལ་རོགས་སྐྱོར་བྱས་ཏེ་ལོ་བཅུའི་རིང་གི་བརྩེ་སེམས་ཟབ་མོ་རྒྱུན་འཛིན་བྱས་ནས་སེམས་ནུས་ཡོད་རྒུས་བརྩེ་སེམས་ལ་བརྟེན་ནས་གཅེས་སེམས་མཚོན་པར་བྱས་ཏེ་མཛེས་སྡུག་ལྡན་པའི་གསེར་རྟ་རྩྭ་ཐང་དེའི་ཐོག་མུ་མཐུད་ཁ་གཏད་རོགས་སྐྱོར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་བྲིས་ནས་གསེར་མདོག་གི་འབྱུང་འགྱུར་ལ་ཐུན་མོང་གིས་བསྐྲུན་རྒྱུ་ཡིན་པ་རེད། 


                                           



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1