འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04


འབྲི་ཆུ་དང་རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་ཡིན་པས། མི་རབས་ནས་མི་རབས་བར་གྱི་ཀྲུང་ཧྭའི་ཤེས་དཔལ་སྐྱེད་སྲིང་བྱས་ཡོད། སི་ཁྲོན་ནི་མ་ཡུམ་གཙང་པོ་གཉིས་ཀྱི་སྟོད་རྒྱུད་དུ་གནས་ཤིང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏང་རྒྱུ་དེ་སི་ཁྲོན་གྱི་འབྱུང་འགྱུར་ལོ་ལྔའི་རིང་གི་གཙོ་གནད་ལས་དོན་གྱི་གྲས་ཤིག་ཏུ་བརྩི་རྒྱུ་ཁ་གསལ་བཏོན་ཡོད། ང་ཚོས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྟོད་རྒྱུད་ཀྱི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ་དང་། སྟོད་རྒྱུད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས། མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མ་ཟད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་འགན་འཁྲི་དང་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ལ། དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ལྗང་མདོག་སྐྱེ་ཁམས་སྲུང་ཡོལ་ཆེ་ཤོས་དང་འགོ་ཁུངས་གཙོ་བོ་ཡིན་པའི་སི་ཁྲོན་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ་དེ་སི་ཁྲོན་དང་སི་ཁྲོན་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་འབྲེལ་བ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཕུགས་ཕན་གྱི་འཕེལ་རྒྱས་དང་དེ་བས་འབྲེལ་བ་ཡོད། སི་ཁྲོན་གྱིས“ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དོན་ཆེན་དེ་ཡག་པོར་འབྲི་དགོས”ཞེས་སོགས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་རྟོགས་ངང་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ཁུར་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འཐབ་ཇུས་སྲུང་ཡོལ་བརྟན་དུ་གཏོང་དགོས།

འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏོང་བར། ཐཱན་རྩེར་སོན་དང་ཐཱན་གཏོང་སྙོམས་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། སྲུང་སྐྱོང་ཁྲོད་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པའི་ནང་གནས་ཀྱི་བླང་བྱ་རེད། ཐཱན་རྩེར་སོན་དང་ཐཱན་གཏོང་སྙོམས་མངོན་འགྱུར་བྱས་ནས་དེ་བས་རྒྱུན་མཐུད་རང་བཞིན་དང་། དཀྱེལ་ཡངས་རང་བཞིན། མཉེན་གཤིས་རང་བཞིན་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་པ་བྱས་ནས། ལྗང་མདོག་ཐཱན་ཉུང་ཐོན་ལས་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏང་རྒྱུ་དེ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་རྩ་བའི་ཐབས་ཇུས་ཤིག་རེད། སི་ཁྲོན་གྱི་སྐྱེ་ཁམས་རྨང་གཞི་ཡག་པོ་ཡོད་པས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་ནས་ཐཱན་རྩེར་སོན་དང་ཐཱན་གཏོང་སྙོམས་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་མཉམ་དུ་སྐུལ་འདེད་གཏང་རྒྱུ་མཐའ་འཁྱོངས་བྱས་ནས་ཐཱན་རྩེར་སོན་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། སྔོན་ཐོན་གྱི་ལྗང་མདོག་ཐཱན་ཉུང་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“ཐཱན་གཉིས”དམིགས་ཚད་ཀྱི་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ནུས་ཁུངས་གཙང་མ་དང་དེའི་འདེགས་སྐྱོར་དང་བཀོལ་སྤྱོད་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་སི་ཁྲོན་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ལྗང་མདོག་ཐཱན་ཉུང་རིམ་སྒྱུར་གྱི་ལམ་བུའི་ཐོག་བསྐྱོད་དགོས།

འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་གཏོང་བར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། སི་ཁྲོན་ནི་གནའ་སྔ་མོ་ནས་བཟུང་རི་བོ་སྔོ་ཞིང་ཆུ་བོོ་དྭངས་པའི་ས་ཆ་བཟང་པོ་ཞིག་ཡིན་མོད། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་སྤྱི་ཡོངས་ནས་རྙོག་འཛིང་ཆེ་ལ་ཉམས་ཞན་པས་གནམ་སྔོན་པོ་དང་།
ཆུ་དྭངས་མོ་དང་ས་གཙང་མོ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་མུ་མཐུད་ཡག་པོ་རྒྱག་དགོས། སྐྱེ་ཁམས་ཁོར་ཡུག་ལ་ཁུལ་དབྱེ་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རི་ཆུ་ནགས་གསུམ་དང་། ཞིང་ས། མཚེའུ། རྩྭ་ཐང་དང་བྱེ་ཐང་། འཁྱག་རོམ་བཅས་མ་ལག་བཅོས་སྒྲིག་ལ་སྤྱི་འདོམས་བྱས་ནས“ཁུལ་བཞི་དང་རྒྱུད་བརྒྱད། ས་ཚིགས་མང་བ”བཅས་ཀྱི་སྐྱེ་ཁམས་བདེ་འཇགས་རྣམ་པ་བརྟན་དུ་གཏོང་དགོས། ཆུ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། འབྲི་ཆུའི་ལོ་བཅུའི་ཉ་བཀག་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱེད་པ། རྨ་ཆུའི་ཆུ་གཞུང་གི་ཆུ་རགས་བསླད་སྐྱོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ནི་རང་རྒྱལ་གྱིས་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་སྤྱི་གླིང་སྤུས་ཚད་མཐོ་པོས་བསྐྲུན་ནས་མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་མགྱོགས་མྱུར་བསྐྲུན་ཏེ། སྐྱེ་ཁམས་མ་ལག་གི་སྤུས་ཚད་མུ་མཐུད་མཐོ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་སྤྱིའི་བདེ་འཇགས་འགན་ལེན་བྱེད་དགོས།

འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་གཏོང་དགོས་ན་དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་འདེགས་སྐྱོར་ཡིན་པ་དང་། འཐུས་སྒོ་ཚང་བའི་དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་གིས་ལམ་ལུགས་ཀྱིས་རྩ་བ་དང་ཕུགས་ལ་ཕན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བར་སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྐྱེ་ཁམས་སྐྱིན་གསབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ས་ཁོངས་ལས་བརྒལ་བ་དང་འབབ་རྒྱུད་ལས་བརྒལ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཐུན་སྦྱོར་ཁྲིམས་འཛུགས་དང་མཉམ་འབྲེལ་ཁྲིམས་འཛིན། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལམ་ལུགས་དང་ལྟ་ཞིབ་ཚད་ལེན་དྲ་བའི་མ་ལག་འཐུས་ཚང་དུ་གཏོང་བ་སོགས་གཙོ་གནད་དུ་དམིགས་ཏེ། སྔར་ལས་འཐུས་ཚང་དང་ལས་ཕྱོད་སྔར་ལས་མཐོ་བའི་དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་ཆགས་པར་སྐུལ་འདེད་གཏོང་དགོས།

རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་པས། ང་ཚོས་ངེས་པར་དུ་ཧུར་བརྩོན་གྱིས་ལས་དོན་སྒྲུབ་པ་དང་། ཞན་ཆ་ཁ་གསབ་དང་ཐབས་བརྒྱ་ཇུས་སྟོང་གིས་ལེགས་ཆ་འདོན་སྤེལ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་དགུང་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1