ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་བཞི་ལས་ལྔ་པའི་ཚེས་ལྔའི་དུས་ཆེན།

ཀུན་བཟང་ཆོས་སྒྲོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04


ལྔ་པའི་ཚེས་ལྔའི་དུས་ཆེན་ལ་འབྲུག་གྲུའི་དུས་ཆེན་དང་། ལྔ་ལྔའི་དུས་ཆེན་སོགས་ཀྱང་ཟེར་ཏེ། ལྷ་དང་མེས་པོར་མཆོད་འབུལ་བྱེད་པ་དང་། གེགས་དང་བར་ཆད་སེལ་ཆེད་སྨོན་ལམ་འདེབས་པ། རོལ་རྩེད་དང་བཟའ་བཏུང་བཅས་གཞི་གཅིག་ཏུ་འདུས་པའི་དམངས་སྲོལ་དུས་ཆེན་ཆེ་གྲས་ཤིག་ཡིན་པ་དང་། དེ་ནི་རང་བྱུང་ཁམས་ཆེན་མོར་དད་གུས་བྱེད་པ་ལས་བྱུང་བ་དང་། གནའ་བོའི་དུས་སུ་འབྲུག་ལ་མཆོད་འབུལ་བྱེད་པ་ནས་རིམ་གྱིས་དར་བ་རེད།

ངག་རྒྱུན་དུ་ཀྲན་གོའི་དུས་སྐབས་ཀྱི་ཁྲུའུ་རྒྱལ་ཁབ་ཀྱི་སྙན་ངག་པ་ཆུས་ཡོན་ཟླ་བ་ལྔ་པའི་ཚེས་ལྔ་ཉིན་རྨི་ལུའོ་གཙང་པོར་མཆོང་ནས་རང་སྲོག་བཅད་པ་དང་། ཕྱིས་སུ་མི་རྣམས་ཀྱིས་ལྔ་པའི་ཚེས་ལྔའི་དུས་ཆེན་དེ་ཆུས་ཡོན་ལ་དྲན་གསོ་ཞུ་བའི་དུས་ཆེན་ཞིག་ཏུ་བརྩིས་པ་དང་། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་འབྱུང་ཁུངས་སུ་གནའ་བོའི་སྐར་ཚོགས་རིག་གནས་དང་། སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཚན་ཉིད་རིག་པ་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་། དེའི་ནང་དོན་གཏིང་ཟབ་ལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ཚུད་ཡོད། རྒྱུན་འཛིན་དང་འཕེལ་རྒྱས་ཁྲོད་དམངས་སྲོལ་མང་པོ་གཞི་གཅིག་ཏུ་འདྲེས་པས། ས་གནས་ཁག་ཏུ་ས་ཁོངས་རིག་གནས་མི་འདྲ་བའི་དབང་གིས་གོམས་སྲོལ་གྱི་ནང་དོན་ནམ་ཡང་ན་ཞིབ་ཕྲའི་ཐད་ཀྱི་ཧེ་བག་གནས་ཡོད་པ་རེད།

ལྔ་པའི་ཚེས་ལྔའི་དུས་ཆེན་དང་དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཆེན། ཟླ་མཆོད་དུས་ཆེན་བཅས་ལ་ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་ཆེན་པོ་བཞི་ཟེར་བ་དང་། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རིག་གནས་འཛམ་གླིང་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། རྒྱལ་ཁབ་དང་ས་ཁུལ་ཁ་ཤས་ཀྱིས་ཀྱང་དུས་ཆེན་འདི་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བཞིན་ཡོད།

སྲོལ་རྒྱུན་གྱི་དམངས་སྲོལ།

ལྔ་པའི་ཚེས་ལྔའི་དུས་ཆེན་ནི་ཀྲུང་གོའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་དམངས་སྲོལ་དུས་ཆེན་ཞིག་ཡིན་ཞིང་། ས་ཁོངས་རྒྱ་ཆེ་བ་དང་གཏམ་རྒྱུད་མང་བའི་དབང་གིས་དུས་ཆེན་གྱི་མིང་མི་འདྲ་བ་མང་པོ་བྱུང་ཡོད་པར་མ་ཟད། ས་གནས་ཁག་ལའང་གོམས་སྲོལ་མང་པོ་ཡོད། དབྱར་ཟླ་འབྲིང་པོའི་ལྔ་པའི་ཚེས་ལྔའི་དུས་ཆེན་ནི་གནམ་ལ་འབྲུག་གྲགས་པའི་བཀྲ་ཤིས་པའི་ཉིན་ཞིག་ཡིན་པ་དང་འབྲུག་གྲུ་གཏོང་བཞིན་འབྲུག་ལ་མཆོད་འབུལ་བྱེད་པ་ནི་དུས་ཆེན་དེའི་གུས་སྲོལ་གྱི་བརྗོད་བྱ་གཙོ་བོ་ཡིན་ཞིང་། གོམས་སྲོལ་དེ་ད་བར་རང་རྒྱལ་གྱི་ལྷོ་ཕྱོགས་མཚོ་རྒྱུད་ས་ཁུལ་དུ་སྔར་བཞིན་དར་ཁྱབ་ཆེན་པོ་ཡོད། གནའ་མིས་ད་དུང་དུས་ཆེན་དེ་དབྱར་ཉི་ལྡོག་དང་འཕྲད་པ་བཀྲ་ཤིས་པའི་ལོ་ཞིག་ལ་བརྩི་སྲིད་པ་དང་། དབྱར་དུས་ནི་ནད་ཡམས་འདེད་པའི་དུས་ཚིགས་ཤིག་ཀྱང་ཡིན། དབྱར་ཟླ་འབྲིང་པོའི་ལྔ་པའི་ཚེས་ལྔའི་དུས་འདིར་སྐྱེ་དངོས་ཡོད་ཚད་ལ་སྐྱེས་སྟོབས་འཕེལ་ཞིང་། ལོ་གཅིག་གི་ནང་ནས་རྩྭ་སྨན་གྱི་ནུས་པ་ཆེས་ཆེ་བའི་ཉིན་ཞིག་ཡིན། དུས་ཆེན་ཉིན་འཐུ་བའི་རྩྭ་སྨན་གྱི་ནད་འགོག་གི་ནུས་པ་ཆེས་ལེགས་པ་ཡིན་པས། གནའ་སྔ་མོ་ནས་བཟུང་རྒྱུན་འཛིན་བྱས་པའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གོམས་སྲོལ་མང་པོར་ནད་སེལ་བའམ་རིམས་འགོག་གི་ནང་དོན་ཡོད་པ་དཔེར་ན། སྤྲ་རྒོད་དང་གུང་ཆུ་འགེལ་བ། འབྲུག་གྲུ་སྦོང་བ། ཚོན་ལྔའི་སྐུད་པ་བཏགས་ནས་ནད་གདོན་འགོག་པ་དང་། དེ་བཞིན་རྩྭ་སྨན་ཁུ་བས་འཁྲུ་བ་སོགས་ཀྱི་གོམས་སྲོལ་ཡོད་པ་རེད།

ཀྲུང་ཧྭའི་རིག་གནས་ལ་ལོ་རྒྱུས་རྒྱུན་རིང་ཞིང་གཏིང་ཟབ་པས། གནའ་བོའི་དུས་ཆེན་ནི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་དང་། གནའ་བོའི་དུས་ཆེན་གྱི་གྲུབ་ཆ་དེར་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་འདུས་ཡོད། གནའ་བོའི་དུས་ཆེན་དུ་མེས་པོས་ལྷ་ལ་དད་པ་དང་མཆོད་འབུལ་བྱེད་སྒོར་མཐོང་ཆེན་བྱེད་བཞིན་ཡོད། མེས་པོས་ལྷ་ལ་དད་པ་བྱེད་པ་ནི་གནའ་བོའི་སྲོལ་རྒྱུན་དུས་ཆེན་གྱི་སྲོག་ཤིང་ལྟ་བུ་ཞིག་རེད། ལྔ་པའི་ཚེས་ལྔའི་དུས་ཆེན་ལ་གོམས་སྲོལ་དང་རྣམ་པ་སྣ་ཚོགས་ཡོད་ཅིང་། ནང་དོན་ཕུན་སུམ་ཚོགས་པར་མ་ཟད་འཁྲུག་ཆ་དོད་པོ་ཡོད། དུས་ཆེན་དེ་ནི་ངན་པ་བཟློག་ཅིང་བཀྲ་ཤིས་རྟེན་འབྲེལ་གྱི་སྨོན་ལམ་འདེབས་པ་དང་། རོལ་རྩེད་དང་བཟའ་བཏུང་གཞི་གཅིག་ཏུ་འདུས་པའི་དམངས་སྲོལ་དུས་ཆེན་ཆེན་པོ་ཞིག་རེད། དུས་ཆེན་ཉིན་འཁྲུག་ཆ་དོད་པའི་འབྲུག་དབྱིབས་གྲུ་གཟིངས་འཁྲབ་སྟོན་བྱེད་པ་དང་སྤྲོ་སྣང་ལྡན་པའི་ཞིམ་ཟས་གསོལ་སྟོན་སོགས་ཚང་མ་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་མཚོན་ཚུལ་ཞིག་རེད།

དེ་ཡང་ཀྲུང་གོའི་ལྷོ་ཕྱོགས་ཀྱི་མཚོ་རྒྱུད་ས་ཁུལ་དུ་འབྲུག་དབྱིབས་གྲུ་གཟིངས་བཟོ་བའི་བྱེད་སྒོ་དར་ཁྱབ་ཆེན་པོ་བྱུང་བ་དང་། ཕྱི་རྒྱལ་དུ་ཁྱབ་རྗེས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། རྒྱལ་སྤྱིའི་འགྲན་བསྡུར་ཞིག་ཏུ་གྱུར་པ་རེད། གཞན་དུས་ཆེན་ལ་ལོ་ཆེན་ཟ་བའི་གོམས་སྲོལ་དེ་གནའ་སྔ་མོ་ནས་ཀྲུང་གོའི་ས་ཆ་ཁག་ཏུ་མ་ཉམས་གོང་འཕེལ་བྱུང་ཞིང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཤུགས་རྐྱེན་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་དམངས་ཁྲོད་བཟའ་བཏུང་གོམས་སྲོལ་གྱི་གྲས་ཤིག་ཏུ་གྱུར་ཡོད། ལྔ་པའི་ཚེས་ལྔའི་དུས་ཆེན་རིང་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་འཁྲབ་སྟོན་བྱས་པ་བརྒྱུད་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་ལ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཡང་གཏོང་ཐུབ། ལྔ་པའི་ཚེས་ལྔའི་རིག་གནས་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། འཛམ་གླིང་ཐོག་རྒྱལ་ཁབ་དང་ས་ཁུལ་ཁ་ཤས་ཀྱིས་ཀྱང་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བཞིན་ཡོད།

མིང་གོའི་དུས་སྐབས་ནས་བཟུང་ལོ་བཅུ་ཕྲག་གི་རིང་། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གོམས་སྲོལ་རྙིང་པ་མང་པོ་ཞིག་མི་རྣམས་ཀྱིས་བརྗེད་མོད། འོན་ཀྱང་དུས་ཆེན་དེ་ཉིད་སྔར་བཞིན་དམངས་ཁྲོད་དུ་དགའ་བསུ་ཆེན་པོ་ཐོབ་པའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་པ་དང་ལོ་ཆེན་ནི་མེད་དུ་མི་རུང་བའི་དུས་ཆེན་གྱི་བཟའ་བཅའ་ཞིག་གོ ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1