ལུགས་གཉིས་ཀྱིས་སྣའི་དབང་པོ་གྲུབ་ཚུལ་དང་བྱེད་ལས་ལ་ཅུང་དཔྱད་པ་རྒྱ་མཚོའི་ཆུ་ཐིག །

བྱང་དགའ་དང་ཀརྨ་དགེ་ལེགས་ཀྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04



ནང་དོན་གནད་བསྡུས།


དཔལ་ལྡན་རྒྱུད་བཞི་དང་སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་ལས་ལུས་ཀྱི་ཆགས་ཚུལ་སྐབས་མངལ་གནས་བྱིས་པ་སྣའི་དབང་པོ་ཆགས་པའི་རྒྱུ་དང་ཐོག་མར་ཆགས་པའི་དུས། འཕེལ་རྐྱེན་སོགས་བསྟན་ཡོད་མོད། འོན་ཀྱང་བྱིས་པ་བཙས་པ་ནས་བཟུང་བོད་ལུགས་གསོ་རིག་ལས་སྣའི་འདྲ་དཔེ་དང་བྱེད་ལས་སྤྱིར་ཙམ་ལས་ཞིབ་ཕྲའི་གནས་ལུགས་དང་། དབང་པོའི་མཚན་ཉིད། བྱེད་ལས་བཅས་རྒྱས་འགྲེལ་མཛད་པ་ཞིག་མཐོང་རྒྱུ་ཉུང་བས་འདིར་བོད་ཀྱི་གསོ་བ་རིག་པའི་དགོངས་པ་གཞི་བཞག་སྟེང་དེང་རབས་རོ་བཀྲའི་ཤེས་བྱས་ཟུར་རྒྱན་ཏེ་སྣའི་གནས་ལུགས་དང་འདྲ་དཔེ་བྱེད་ལས་བཅས་བོད་ཕྱི་ཟུང་འབྲེལ་གྱི་པར་རིས་དང་སྦྲགས་ཏེ་ཅུང་དཔྱད་པ་བྱས་ཡོད་པས་མ་འོངས་སྣའི་སྐོར་གྱི་ཞིབ་འཇུག་པ་དང་སྣ་ནད་འགོག་བཅོས་གནང་མཁན་དག་ལ་དཔྱད་གཞི་ཙམ་དུ་ཕུལ།

དང་པོ། ཐོག་མར་མངལ་ནས་སྣ་ཆགས་ཚུལ་བཤད་པ།

དེ་ཡང་དབང་པོ་སྣ་ཡི་ཆགས་ཚུལ་བཤད་པར་བྱ་བ་ལ། ཐོག་མར་ཕ་ཡི་ཁུ་བ་དཀར་ཞིང་མངལ་ལ་མང་བ་དང་སྐྱོན་མེད་ཀྱི་ཟླ་མཚན་ཚོས་ཁུ་རི་བོང་གི་ཁྲག་དང་འདྲ་བའི་མཚན་ཉིད་ཡོངས་སུ་ཚང་བ་དེ་གཉིས་འཕྲད་པའི་དུས་གཅིག་ཏུ་རྣམ་ཤེས་དང་ལས་དང་ཉོན་མོངས་པའི་རླུང་གིས་བསྐུལ་ནས་མངལ་ཐོག་མར་ཆགས་པ་དང་། ཟླ་བ་དང་པོ་བདུན་ཕྲག་དང་པོའི་དུས་ཁུ་ཁྲག་གཉིས་ཕན་ཚུན་འདྲེས་པ་དང་བདུན་ཕྲག་གཉིས་པ་ནུ་ནུར་པོ་གྱུར། བདུན་ཕྲག་གསུམ་པ་ཞོ་ཆགས་པ་ལྟ་བུ་དང་བདུན་ཕྲག་བཞི་པ་གོར་གོར་མེར་མེར་ནར་ནར་པོ་ཆགས། ཟླ་བ་གཉིས་པ་བདུན་ཕྲག་ལྔ་པ་ལ་མངལ་གནས་དེའི་ལྟེ་བའི་རྩ་ཆགས་པ་དང་བདུན་ཕྲག་དྲུག་པ་ལྟེ་བར་བསྟེན་ནས་སྲོག་རྩ་ཆགས། བདུན་ཕྲག་བདུན་པ་དབང་པོའི་ཐོག་མ་མིག་གི་རྩ་ཆགས་པ་དང་དེ་ལ་བརྟེན་ནས་བདུན་ཕྲག་བརྒྱད་པ་མགོ་བོའི་དབྱིབས་ཆགས། བདུན་ཕྲག་དགུ་པར་ལུས་ཀྱི་ཁོག་པ་སྟོད་སྨད་ཆགས་པ་དང་ཟླ་བ་གསུམ་པ་བདུན་ཕྲག་བཅུ་པར་དཔུང་པ་གཉིས་དང་དཔྱི་གཉིས་ཆགས། བདུན་ཕྲག་བཅུ་གཅིག་པར་མིག་གཡས་གཡོན་གཉིས། རྣ་བ་གཉིས། སྣ་གཉིས། ཁ་དང་། བཤང་གཅི་རྒྱུ་བའི་ལམ་གཉིས་བཅས་དབང་པོ་དགུ་ཡི་གཟུགས་དབྱིབས་དོད། དེ་ནས་ཟླ་དྲུག་པའི་བདུན་ཕྲག་ཉི་ཤུ་རྩ་གཉིས་པར་དབང་པོ་སྒོ་དགུ་བུ་ག་རྣམས་ཁ་བྱེ་ཞེས་མངལ་གནས་སྤྱིར་ཡོངས་ལ་དགོངས་ནས་གསུངས་པ་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། བདུན་ཕྲག་བརྒྱད་ན་སྦུ་གུ་དོད། །རླུང་འབྱུང་སྣ་གཉིས་དོད་དོ། །ཅེས་མངལ་དུ་གནས་པའི་བྱིས་པ་དེ་བདུན་ཕྲག་བརྒྱད་ཀྱི་དུས་སུ་དབང་པོ་སྣ་དེའི་དབྱིབས་ཆགས་ཞེས་གསལ་པོར་བསྟན་ཡོད་ལ། སྐབས་དེར་སྣའི་ཤ་རུས་རྩ་རྒྱུས་ཡོངས་ཀྱི་རྨང་གཞིའི་དབྱིབས་ཙམ་ཆགས་པས་རིམ་གྱིས་ཟླ་དགུའི་བར་དུ་མངལ་གྱི་ནང་རིམ་བཞིན་སྨིན་གྱི་ཡོད། བོད་ལུགས་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་ལས་སྣ་ཡི་དབང་པོ་ཆགས་ཚུལ་འདི་དུས་རབས་བཅུ་གཉིས་པ་ནས་ཤེས་རྟོགས་བྱུང་ཡོད་ལ། དེང་སང་ནུབ་ལུགས་དངོས་མཐོང་གི་ཆགས་ཚུལ་གཉིས་བསྡུར་ན་དབྱིབས་དང་ཕྲ་རགས་ཀྱི་དབྱེ་བ་ལས་ཁྱད་པ་ཆེར་མི་འདུག་སྙམ། འདིར་དཔལ་ལྡན་རྒྱུད་བཞིའི་བདུན་ཕྲག་བཅུ་གཅིག་པ་དབང་པོ་དགུ་ཡི་གཟུགས་དབྱིབས་དོད་ཅེས་མདོར་བསྡུས་ཏེ་གསུངས་པ་དེ་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་སྨན་ཐང་བྲིས་མ་དང་ནུབ་ལུགས་ཀྱི་བདུན་ཕྲག་བཅུ་གཅིག་པའི་སྐབས་ཀྱི་གཟུགས་བརྙན་པར་རིས་གཉིས་ཕན་ཚུན་གཤིབ་བསྡུར་གྱི་ཚུལ་དུ་མཚོན་བྱེད་ཙམ་བཀོད་ཡོད།

གཉིས་པ། སྣ་ཡི་འདྲ་དཔེ་དང་རྣམ་གྲངས་བསྟན་པ།

དཔལ་ལྡན་རྒྱུད་བཞི་ལས། སྣ་བུག་མཛེས་པའི་རྒྱན་དེ་ཏོག་དང་འདྲ། །ཞེས་གསུངས་པ་དང་། སྣ་ནི་མི་ཡི་ལུས་སྟོད་མགོ་བོའི་གདོང་པའི་དཀྱིལ་འབུར་དུ་དོན་པ་ཡ་མཆུའི་སྟེང་དུ་རྩ་བ་ཟུག་ཅིང་མིག་གཉིས་ཀྱི་འོག་ནས་རིམ་པར་ཐུར་དུ་རྩ་བ་ཆེ་རུ་ཕྱིན་ནས་སྣ་བུག་གཡས་གཡོན་གཉིས་ཡོད་པ་རྩེ་མོ་ཕྲ་རུ་སོང་བ་དེ་ལ་སྣ་རྩེ་ཞེས་བརྗོད། སྣ་ནི་ཤ་དང་པགས་པ་རྩ་རུས་སོགས་འདག་པས་ཞལ་བ་ལྟ་བུ་དབྱིབས་གྲུ་གསུམ་ཡིན་ལ་སྣ་ཡི་ཆེ་ཆུང་དང་རིང་ཐུང་བཅས་རང་གི་ལུས་ཀྱི་ཆེ་ཆུང་གི་ཚད་ལས་དཔག་དགོས་པ་ལས་གཅིག་ཏུ་གཏན་འཁེལ་བ་ཞིག་མ་མཐོང་།སྣ་ནི་ཐོག་མར་མཐོང་རྒྱུ་དེ་ཡིན་ལ་སྣ་དེའི་དབྱིབས་ལས་མཛེས་སྡུག་གི་སྣང་བརྙན་སྟེར་བ་བཞིན། མཛེས་པའི་རྒྱན་རྩེ་ཏོག་དང་འདྲ་གསུངས་པ་ནི་དཔེ་དོན་ཤིན་ཏུ་མཚུངས་ལ་འདིར་མཐོང་བ་ཙམ་གྱིས་ཡིད་ལ་ཟིན་བདེའི་ཆེད་དུ་དོན་གཅིག་ལ་དཔེ་དང་དཔེ་ཅན་གསུམ་གྱི་པར་རིས་བཀོད་ཡོད།

གསུམ་པ། སྣ་ཀོང་གི་གནས་ལུགས་དམར་རྗེན་དུ་བསྟན་པ།

སྣ་ནི་རུས་པ་དང་ཕྲུམ་རུས་ཀྱི་སྒྲོམ་གཞི་གུར་ཕུབ་པ་ལྟ་བུ་དང་། ཕྱི་པགས་པས་གཡོགས་ཤིང་ནང་སྤྱི་མོ་སྲབ་མོ་འཇམ་འདྲེད་ཅན་གྱི་སྟེང་དུ་སྤུ་སྐྱེས་ཡོད་པ་དང་སྣ་ཀོང་ནི་སྣའི་མཐའ་འཁོར་དུ་ཡོད་པའི་རུས་པའི་གསེབ་ཀྱི་ཀོང་སྟོང་དབུགས་རྒྱུ་ཐུབ་པའི་ཁོག་སྟོང་ཅན་ཞིག་ཡིན་ལ། དེའི་ནང་སྐྱི་ཡོད་པར་མ་ཟད་སྣའི་ནང་སྐྱི་དང་ལྷན་དུ་བསྣུར་བསྐྱོར་བྱེད་ཀྱི་ཡོད། གཡས་གཡོན་ཆ་འགྲིག་ཏུ་ཡོད་པ་ལ་ཆ་བཞི་ཡོད། དེ་དག་གི་མིང་ནི་གནས་སའི་རུས་པའི་མིང་ལ་བརྟེན་ནས་བཏགས་ཡོད་དེ། སྣ་ཀོང་ཆ་བཞི་ནི་ཡ་མགལ་ཀོང་བུ(上颌窦)དང་དཔྲལ་ཀོང(额窦)ཚགས་ཀོང(筛窦) མུར་ཀོང(蝶窦) བཅས་ཡིན། ཡ་མགལ་ཀོང་བུ་ནི་ཡ་མགལ་རུས་པའི་ལྷ་བའི་གསེབ་ན་ཡོད་ལ་དབྱིབས་ཟུར་གསུམ་ཅན་དུ་མངོན། ནར་སོན་མིའི་ཡ་མགལ་ཀོང་བུའི་མཐོ་ཚད་ལ་3.3cmདང་ཞེང་ཚད་ལ་2.3cmཡོད། རིང་ཚད་ལ་3.4cmདང་ཆ་སྙོམས་ཤོང་ཚད་14.67mlཡོད་པའི་ཀོང་བུ་ཆེན་པོ་ཞིག་རེད། དཔྲལ་གོང་ནི་ཐོད་པའི་སྨིན་དབྲག་གི་རུས་པའི་ལྷ་བའི་གསེབ་ན་གཡས་གཡོན་དུ་རེ་རེ་ཡོད་ལ་ཆེ་ཆུང་མི་འདྲ། ཀྲུང་གོའི་མིའི་ཆ་སྙོམས་མཐོ་ཚད་3.2cmདང་འཕྲེད་ཀྱི་ཞིང་ཚད་2.6cmམདུན་རྒྱབ་མཐུག་ཚད་1.8cmཙམ་ཡོད་ལ་ཀོང་བུའི་ཁ་དབུགས་ལམ་བར་མ་ན་ཡོད། ཚགས་ཀོང་ནི་སྣ་ཀོང་ཀུན་ལས་རྙོག་འཛིངས་ཆེ་ཤོས་དང་ཕྱོགས་ཡོངས་ལ་འབྲལ་འབྲེལ་མང་ཤོས་ཀྱི་ཀོང་བུ་དེ་ཡིན་ལ། ཚགས་ཀོང་གི་གནས་ས་ནི་ཀླད་མདུན་མཐིལ་གྱི་རུས་པའི་འོག་དང་མིག་ཕོར་རུས་པ་གཉིས་ཀྱི་བར་དུ་གནས་ཡོད། དེ་མདུན་རྒྱབ་བར་བཅས་དུམ་བུ་གསུམ་ལ་བགོས་ཡོད། ཚགས་ཀོང་མདུན་མ་དང་ཚགས་ཀོང་བར་མ་གཉིས་ཀྱི་ཀོང་བུའི་ཁ་དབུགས་ལམ་བར་མ་ན་ཡོད། ཚགས་ཀོང་རྒྱབ་མའི་ཁ་དབུགས་ལམ་གོང་མ་ན་ཡོད། མུར་ཀོང་ནི་རྣ་མདུན་མུར་གོང་རུས་པའི་གསེབ་ན་གནས་པ་དང་གཡས་གཡོན་གཉིས་ཡོད། ཤོང་ཚད་7.5mlཙམ་རེ་ཡོད། ཀོང་བུ་དེ་གཉིས་ཀྱི་ཁ་ནི་ཆེས་མཐོ་ཤོས་ཡིན་ཏེ་དབུགས་ལམ་གོང་མའི་ཀླད་ངོས་ན་ཡོད། ཅེས་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་རབས་འབྱམས་ཞིབ་འཇུག་སློབ་མ་སངས་རྒྱས་མཁར་ལགས་ཀྱི་མཐར་ཕྱིན་དཔྱད་རྩོམ་ནང་དུའང་གསུངས། འདིར་ནུབ་ལུགས་དངོས་མཐོང་གི་སྣའི་ནང་གི་རོ་བཀྲ་བོད་ཡིག་དང་ཤན་སྦྱར་ཏེ་གཡས་ནས་གཡོན་བར་ཨང་ཀིའི་གོ་རིམ་རེའུ་མིག་ནང་བཀོད་ཡོད།

བཞི་པ། སྣ་ཡི་དབང་པོའི་མཚན་ཉིད་བསྟན་པ།

བསེ་བསྡུས་གྲྭ་ལས། སྣ་ཡི་དབང་པོའི་མཚན་ཉིད་ཡོད་དེ། རང་འབྲས་སྣ་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་མ་དེ་ཡིན་པའི་ཕྱིར། ཞེས་གསུངས་པ་དབང་ཤེས་དེ་ཡིད་ཤེས་ཀྱི་གསལ་བ་ཡིན་པར་འདོད་དོ། །དྲི་ཡོངས་སུ་བསྡུས་ན་ལྷན་སྐྱེས་ཀྱི་དྲི་དང་སྦྱར་བྱུང་གི་དྲི་རྩ་བའི་དབྱེ་བ་གཉིས་ལས་ཞིམ་པ་དང་མི་ཞིམ་པ་གཉིས་རེ་བཅས་བསྡོམས་པས་རྩ་བའི་དབྱེ་བ་གཉིས་ལས་ཡན་ལག་གི་དབྱེ་བ་བཞི་ཡོད་པའོ། །

ལྔ་པ། འབྱུང་བས་སྣའི་དབང་པོ་ཇི་ལྟར་བསྐྱེད་ཚུལ་བསྟན་པ།

དཔལ་ལྡན་རྒྱུད་བཞིའི་ལུས་ཆགས་ཚུལ་བཤད་པའི་སྐབས་ལས། ས་ལས་ཤ་དང་རུས་པ་སྣ་དྲི་བསྐྱེད། །ཅེས་གསུངས་པ་སྣའི་དྲི་མནམ་བྱེད་གཙོ་བོ་ནི་ཁུ་ཁྲག་གཉིས་དང་ལྷན་དུ་ཡོད་པའི་རྒྱུ་འབྱུང་བ་ས་ཡི་ཡོན་ཏན་ལ་རྟེན་བྱས་ཅིང་བརྟེན་པ་སེམས་ཀྱི་རྣམ་པར་ཤེས་པ་ལས་དྲི་ཚོར་བའི་ལས་བྱེད་པ་དེ་ཡིན་པ་དངོས་སུ་བསྟན་པ་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། བདུན་ཕྲག་ཉི་ཤུ་རྩ་གཅིག་ལ། །རབ་ཏུ་སྨན་པའི་རླུང་འབྱུང་སྟེ། །པགས་པ་དག་ཀྱང་རྒྱས་པ་སྟེ། །དྲི་མནམ་ནང་དང་ཕྱིར་འདྲེན་ནོ། །ཞེས་གསུངས་པ་མངལ་གནས་བདུན་ཕྲག་ཉེར་གཅིག་དུས་ནས་དྲི་མནམ་པར་བྱེད་པ་གསུངས་ལ། འདིའི་སྐབས་སྣ་ཤེས་ཀྱི་དབང་རྩ་ཆགས་པ་ལས་དྲི་ཕྱི་ནང་འདྲེན་པ་དཀའ་བར་དོགས་པའོ། །དཔལ་ལྡན་རྒྱུད་བཞི་ལས། དེ་ནས་ཟླ་དྲུག་བདུན་ཕྲག་རྩ་གཉིས་ལ། །དབང་པོ་སྒོ་དགུའི་བུ་ག་རྣམ་པ་བྱེ། །རྩ་བཞི་པ་ལ་དོན་སྣོད་གསལ་བ་སྨིན། །དེ་དུས་བདེ་དང་སྡུག་བསྔལ་ཤེས་པར་འགྱུར། །ཞེས་གསུངས། མངལ་གནས་བདུན་ཕྲག་རྩ་གཉིས་པའི་སྐབས་སུ་དབང་པོ་སྒོ་དབུའི་བུ་ག་རྣམ་ཆེར་བྱེ་བ་དང་། མངལ་གནས་བདུན་ཕྲག་རྩ་བཞི་པའི་སྐབས་སུ་དོན་སྣོད་གསལ་བར་སྨིན་པས་ལུས་ཤེས་ཀྱི་ཚོར་བའི་བདེ་སྡུག་མངོན་གསལ་ཤེས་རྟོགས་བྱུང་བ་དང་། རྩ་ལྔ་པ་ལ་རླུང་གི་རྒྱུ་བ་འབྱུང་། །
རྩ་དྲུག་པ་ལ་སེམས་ཀྱི་དྲན་པ་གསལ། །ཞེས་མངལ་གནས་དེ་ཉིད་བདུན་ཕྲག་རྩ་ལྔ་པ་ལ་རླུང་གི་རྒྱུ་བ་འབྱུང་ཞེས་པ་རྣམ་ཤེས་ཚོགས་དྲུག་གི་རླུང་རྒྱུ་བ་དང་བདུན་ཕྲག་རྩ་དྲུག་པ་ལ་སེམས་ཀྱི་དྲན་པ་གསལ་ཞེས་པ་སྐབས་དེ་དོན་ལྔ་དང་སྣོད་དྲུག་གསལ་བ་སྨིན་པས་དྲན་པ་གསལ་བ་བྱེད་སྙམ། དཔལ་ལྡན་རྒྱུད་བཞི་ལས། དྲན་པའི་དབང་པོ་གསལ་བ་བྱེད་པའི་རྩ། །སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་གསུངས་པ་དྲན་པ་གསལ་བ་ནི་སྙིང་གི་རྩ་དང་འབྲེལ་བ་ངེས་ཅན་ཡོད་པས་དོན་གྱི་རྒྱལ་པོ་སྙིང་གི་རྩ་འདབ་དང་བཅས་པ་ཡོངས་རྫོགས་སྨིན་ཚེ་དྲན་པ་གསལ་བའང་ཤུགས་ཀྱིས་རྟོགས་ཐུབ་སྙམ། ཡང་སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། བདུན་ཕྲག་སུམ་ཅུ་གཉིས་པ་ན། །དབང་པོ་གསལ་བའི་རླུང་འབྱུང་སྟེ། །བདུན་ཕྲག་སུམ་ཅུ་བརྒྱད་པ་ལ། །ཨ་བ་དྷུ་ཏིའི་རླུང་འབྱུང་སྟེ། །སྲོག་རྩ་དག་ཏུ་ཞུགས་ནས་ནི། །སྣ་སྒོ་གཉིས་སུ་རླུང་གི་ཕྱིན། །ཞེས་མངལ་གནས་བདུན་ཕྲག་སུམ་ཅུ་རྩ་གཉིས་པ་ནས་བདུན་ཕྲག་སོ་བརྒྱད་བར་དུ་དབང་པོ་གསལ་བའི་རླུང་ཨ་བ་དྷུ་ཏིའི་ཞེས་སྲོག་རྩ་དག་ཏུ་ཞུགས་ནས་དབང་པོ་སྣའི་སྒོ་གཉིས་སུ་རླུང་ཕྱིན་ཞེས་འདི་ཐོག་མའི་སྣ་སྒོ་ནས་རླུང་འབྱིན་རྔུབ་ཡིན་པར་སྙམ།དེ་དང་བྱེད་ལས་མཚུངས་པའི་ཤེས་པ་དེ་དག་གི་རྟེན་ནི་དཔལ་ལྡན་རྒྱུད་བཞི་ལས། དབང་པོ་ཡུལ་ལ་འཆར་བ་བྱེད་པའི་རྩ། །ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་གསུངས་པ་ལྟར་ལུས་ཀྱི་སྟོད་སྨན་ཕྱི་ནང་ཀུན་ཏུ་ཁྱབ་པའི་ཆུ་རྩའམ་སྲོག་རྩ་དཀར་པོའི་རྟེན་ཀླད་པ་ལ་བརྟེན་པ་དང་དེ་ལས་གྱེས་པའི་དབང་རྩ་སྣའི་དབང་རྩ་རྣམས་དང་འབྲེལ་ནས་རླུང་གིས་རྩོལ་བ་ལ་བརྟེན་ནས་ཡུལ་ལ་བྱ་བ་བྱེད་པ་དེང་རབས་དངོས་མཐོང་རོ་བཀྲའི་དཔེ་དམར་ལྗོན་དུ་བཞག་སྟེ་སྣ་ཡི་དབང་རྩའི་གནས་ལུགས་དངོས་སུ་བསྟན་པ་ལ། དྲང་སྲོང་ཞལ་ལུང་ལས། ཁྱད་པར་དུ་སྣ་དྲི་འཛིན་གྱི་དབང་པོའི་རྟེན་གཟུགས་དབྱིབས་ཟང་ཀྱི་མོ་ཁབ་གཤིབས་པ་ལྟ་བུ་རྣམས་སྐྱེད། ཅེས་གསུངས་པར་གཞིག་ན་ཟངས་ཀྱི་མོ་ཁབ་ཞེས་པ་མང་ཚིག་ལ་སྦྱར་ཏེ་གསུངས་པ་མཐུན་ཆེ་བར་སྣང་ལ། རོ་བཀྲ་དངོས་ལས་སྣ་ནང་གི་དྲི་འཛིན་གྱི་རྩ་ལ་རྩ་ཕྲན་ཁབ་མང་པོ་མཉམ་དུ་གཤིབ་པ་དང་འདྲ་བའི་སྣ་སྦུག་ནང་གི་དྲི་འཛིན་པར་བྱེད་པའི་དབང་རྩའི་རྩ་ཕྲན་མང་པོ་ཡོད་པ་དེ་དག་ལ་ངོས་འཛིན་ན་མཐུན་ཆེ་བར་སྣང་བས་སྐབས་འདིར་གཞི་སྣའི་དབང་པོ་ལ་སོ་སོའི་རིག་གཞུང་གི་ཐ་སྙད་བཏགས་སྟངས་མི་འདྲ་བ་ཙམ་ལས་དོན་གཅིག་གི་ཐོག་ཏུ་འབབ་ཡོད་པར་སྙམ།

དྲུག་པ། དབང་རྩའི་རོ་བཀྲ་དངོས་སུ་བསྟན་པ།

ནུབ་ལུགས་པས(感觉神经)ཞེས་པ་དེ་སྤྱིའི་ཐ་སྙད་ཞིག་ཡིན་ལ་ང་ཚོས་ཚོར་བའི་རྩའམ་དབང་རྩ་མིང་བཏགས་ན་ལེགས་པར་སྙམ།(鼻中隔上部黏膜内细胞)(15~20条嗅丝) ཞེས་པ་སྣ་བུག་གཡས་གཡོན་གཉིས་ཀྱི་ནང་སྐྱིར་གནས་པའི་ཕྲ་ཕུང་དེ་ལ་བྱེད་ལས་མཚུངས་པའི་ཆ་ནས་སྣའི་རྣམ་པར་ཤེས་པ་ཞེས་དོན་དངོས་དང་སྦྱར་ན་འགལ་བ་ཆེར་མེད་པར་སྙམ་པ་དང་། རྩ་ཕྲན་བཅོ་ལྔ་དང་ཉི་ཤུ་ཡོད་ཞེས་པ་ནི་བཤད་རྒྱུད་ལུས་ཀྱི་ཆགས་ཚུལ་བཤད་པའི་སྐབས་ཟངས་ཀྱི་མོ་ཁབ་གཤིབ་པ་ལྟ་བུ་ཞེས་རྩ་ཕྲན་མང་པོ་ཁབ་གཤིབ་པའི་དཔེ་དང་སྦྱར་བའི་དབང་རྩའི་དྲི་སྣོམ་བྱེད་པོ་དེ་དང་མཚུངས་སོ། །(嗅神经)ཞེས་པ་དེ་བྱེ་བྲག་སྣའི་སྣོམ་བྱེད་ཀྱི་དབང་རྩ་ཞིག་ལ་སྦྱར་ན་ལེགས་པར་སྙམ། རྒན་ཉི་མ་ཚེ་རིང་སོགས་ཀྱིས་རྩོམ་སྒྲིག་གནང་བའི་རྒྱ་བོད་ཤན་སྦྱར་ཚོན་ཁྲའི་རོ་བཀྲ་མཐོང་བ་དོན་གསལ་ཞེས་པའི་པར་རིས་ཨང་ཀིའི་གོ་རིམ་ལྟར་བསྒྲིགས་ནས་གཡས་ནས་གཡོན་དུ་བཀོད་ཡོད།

བདུན་པ། སྣའི་དབང་པོའི་བྱེད་ལས་བསྟན་པ།

སྣའི་དབང་པོ་བྱེད་ལས་ལ། ཕྱི་ཡི་མཛེས་བྱེད་ཀྱི་བྱེད་ལས་དང་། ནང་གི་འབྱིན་རྔུབ་ཀྱི་བྱེད་ལས། གསང་བ་དྲི་འཛིན་གྱི་བྱེད་ལས་བཅས་དོན་ཚན་གསུམ་གྱི་སྒོ་ནས་བསྟན་པ་ལ། དང་པོ་ཕྱི་མཛེས་བྱེད་ཀྱི་ལས་ནི་རྒྱུད་བཞི་ལས། སྣ་བུག་མཛེས་པའི་རྒྱན་དེ་ཏོག་དང་འདྲ། ཞེས་གསུངས་པ་འདི་གོང་གི་འདྲ་དཔེའི་སྐབས་བསྟན་ཟིན་པས་འདིར་བསྐྱར་བཟློས་མ་བྱས། ནང་གི་འབྱིན་རྔུབ་ལ་ཕྱི་རོལ་ཀྱི་དབུགས་སམ་རླུང་དྭངས་མ་དེ་ནང་དུ་རྔུབ་པར་བྱེད་པ་དང་ནང་གི་དབུགས་སམ་རླུང་སྙིགས་མ་དེ་ཕྱིར་འབྱིན་པའི་ལས་བྱེད་ཀྱི་ཡོད་ལ་ནད་མེད་ཐ་མལ་མི་ལ་སྐར་རེ་དབུགས་ཐེངས་16ནས་20བར་འབྱིན་རྔུབ་བྱེད་པ་དང་དེ་དང་མཉམ་དུ་སྣའི་ནང་དུ་ཚུར་རྔུབ་པའི་དབུགས་དེ་ལ་མི་གཙང་བའི་ཐལ་རྡུལ་དག་གཙང་སེལ་བྱས་སྟེ་གློ་བའི་ནང་སྐྱེལ་གྱི་ཡོད་པས་གློ་བའི་ནད་རིགས་སྔོན་འགོག་བྱེད་པའི་ནུས་པ་ལྡན་པ་ཕྱིའི་དབུགས་གྲང་མོ་དེ་སྣ་ནང་དྲོད་གྲང་སྙོམས་པའི་ལས་བྱེད་ཀྱི་ཡོད་པ་དང་། སྣ་སྦུག་སུ་བརླན་གཤེར་གྱི་ཆའང་བསྐྱེད་ཀྱི་ཡོད་པ་ཡིན་ལ་སྒྲའི་སྦོམ་ཕྲ་དང་གསལ་མིན་གྱི་ནུས་པ་ཐོན་གྱི་ཡོད་པ་ཡིན། གསང་བ་དྲི་འཛིན་གྱི་ལས་ནི་གོང་དུ་བཤད་པ་བཞིན་སྣ་ཡི་དབང་པོ་ཟངས་ཀྱི་མོ་ཁབ་གཤིབ་པ་ལྟ་བུའི་དེའི་བྱེད་ལས་སོ། །དཔལ་ལྡན་རྒྱུད་བཞི་ལས། ཕན་ཡོན་སྣ་ཉིད་ཀླད་པའི་སྒོ་ཡིན་ཕྱིར། །མགོ་དང་ནམ་ཚོད་ཡན་ཆད་ནད་ལ་བསྔགས། །ཞེས་གསུངས་པ་ནི་རྒྱུད་བཞིའི་ལས་སྣའི་བྱེད་ལས་གཙོ་བོར་བསྟན་པའི་ཚིག་རྐང་གཉིས་དེ་ཡིན་ལ། འདི་ལ་ཕྱི་སྣ་དང་གནས་ཉེ་བར་འབྲེལ་ཏེ་ཀླད་པའི་སྒོ་ཡིན་ཚུལ་དང་། ནང་སྣ་ཁོག་གི་རུས་པའི་ཆགས་ཚུལ་དང་རྩ་དཀར་ནག་དབང་རྩ་གསང་རྩ་བཅས་ལས་ཀླད་པའི་སྒོ་ཡིན་ཚུལ། མཚུལ་འགྲམ་ཀོང་བུ་དང་འབྲེལ་ནས་སྣ་ཉིད་ཀླད་པའི་སྒོ་ཡིན་ཚུལ་བཅས་སྒྲུབ་བྱེད་རིག་པ་དུ་མས་དཔྱད་ཆོག་པར་སྙམ་ཡང་། གོང་གི་སྣའི་ཆགས་ཚུལ་དང་བྱེད་ལས་སོགས་རེ་རེ་བཞིན་སྟོན་པས་མཐུས་པར་བྱ། མདོར་ན་སྣའི་དབང་པོའི་བྱེད་ལས་ཀྱིས་དྲིའི་ཞིམ་མིན་དང་དམན་ལྷག་ལོག་པ་བྱུང་ཚེ་ནད་རིགས་དུ་མ་བསྐྱེད་པའི་རྐྱེན་དུའང་འགྱུར་ལ། དེའི་ལྡོག་ཕྱོགས་ལས་ནད་རིག་བཅོས་ཐབས་དང་སྔོན་འགོག་བདེ་སྲུང་སོགས་ཀྱི་ནུས་པའང་ལྷག་པར་ཐོན་གྱི་ཡོད།

མཇུག་བསྡུ་བ།

མདོར་ན་སྣ་ཡི་ཆགས་ཚུལ་དང་བྱེད་ལས་ཕྱོགས་སུ་བསྡོམས་ན། དཔྱད་རྩོམ་འདིར་ཐོག་མར་མངལ་ནས་སྣ་ཆགས་ཚུལ་དང་། སྣ་ཡི་འདྲ་དཔེ་དང་རྣམ་གྲངས། སྣ་ཀོང་གི་གནས་ལུགས། སྣ་ཡི་དབང་པོའི་མཚན་ཉིད། འབྱུང་བས་སྣ་ཇི་ལྟར་བསྐྱེད་ཚུལ། དབང་རྩའི་རོ་བཀྲ་དངོས་སུ་བསྟན་པ། སྣ་ཡི་དབང་པོའི་བྱེད་ལས་བཅས་ས་བཅད་བདུན་གྱི་སྒོ་ནས་བསྟན་ཡོད། བོད་ལུགས་གསོ་རིག་གི་དཔལ་ལྡན་རྒྱུད་བཞི་དང་སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་ལ་གཞི་བཅོལ་ཏེ་བདུན་ཕྲག་རེའི་འཕེལ་ཚུལ་དང་བྱེད་ལས་འདྲ་དཔེ་བཅས་དབྱེ་ཞིབ་བྱས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གྲུབ་པ་ལུས་ཀྱི་རོ་བཀྲ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་མཛད་པའི་དེང་རབས་ཀྱི་རོ་བཀྲ་མཐོང་བ་དོན་གསལ་སོགས་ལ་སྣ་དང་འབྲེལ་བ་ཡོད་པའི་རི་མོ་དག་སྣ་ཡི་དབང་པོར་གཞི་གཅིག་ལ་སྦྱར་ཏེ་དབྱེ་ཞིབ་དང་གསལ་བཤད་བྱ་ཁུལ་གྱིས་མངལ་དུ་སྣའི་ཆགས་ཚུལ་དང་། རྒྱུན་ལྡན་ནད་མེད་ཐ་མལ་བའི་སྣའི་གནས་ལུགས་དང་བྱེད་ལས་འདྲ་དཔེ་སོགས་རང་ནུས་གང་ཡོད་ཀྱི་དཔྱད་པ་བྱས་ཡོད། མདོར་ན་བོད་ལུགས་གསོ་རིག་གི་དགོངས་པར་གཞི་བཞག་སྟེང་དེང་རབས་ཀྱི་ལེགས་ཆས་ཟུར་རྒྱན་ནས་མ་འོངས་སྣའི་སྐོར་གྱི་ཞིབ་འཇུག་པ་དག་དང་། སྣ་ནད་སྨན་བཅོས་དང་སྔོན་འགོག་བྱེད་པའི་ལས་དང་པོ་བ་རྣམས་ལ་དཔྱད་གཞི་ཙམ་དུ་ཕུལ་བས་ཚིག་དོན་གང་གི་ཆ་ལའང་ནོར་འཁྲུལ་ཡོད་ངེས་པས་ཀློག་པ་པོ་རྣམས་ཀྱིས་བཀའ་སློབ་ལམ་སྟོན་གནང་བར་མཁྱེན་མཁྱེན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1