༄༅།།གནས་ཕུ་གེ་སར་ལྷ་ཁང་།

ལྟག་ཨོ་རྒྱན་ཆོས་འཕེལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 07-06




 གནས་ཕུ་གེ་སར་ལྷ་ཁང་དེ་ལི་ཐང་ཀམ་པོ་དགེ་བསྙེན་གྱི་གནས་ཕུ་ན་ཡོད། ལྷ་ཁང་འདི་ལོ་ག་དུས་དང་སུ་ཞིག་གིས་བཞེངས་པ་ཡིན་མིན་སྐོར་གསལ་ཆ་མེད། སྔོན་གྱི་དུས་སུ་ལི་ཐང་སྒོ་སོག་བླ་མས་ལྷ་ཁང་དེ་བདག་སྐྱོང་གནང་སྲོལ་ཡོད། གེ་སར་ལྷ་ཁང་གི་བཀོད་པ་དེ་དེ་ཙམ་ཆེན་པོ་ཞིག་མིན། ཕལ་ཆེར་ཀ་བ་དྲུག་ཙམ་གྱི་ས། ལྷ་ཁང་གི་བཟོ་བཀོད་ཆ་ནས་ཐོག་ལ་ས་བླུགས་མ་དགོས་པ་ཤིང་ལེབ་ཀྱི་འགེབས་བཀབ་ཡོད་པ་ཞིག་ཡིན། དམིགས་བསལ་ཞིག་ནི་ལྷ་ཁང་འདིའི་ཐོག་ཁེབས་མནན་རྡོ་ཚང་མ་ལྕགས་རིགས་ཞ་ཉེ་ཆེན་པོ་རྐྱང་རྐྱང་ཡིན།


ལྷ་ཁང་འདིའི་རྟེན་གཙོ་ལ་གེ་སར་རྒྱལ་པོའི་སྐུ་ཆེ་ཙམ་ཞིག་དང་། སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ཞིག་གཞན་རྒྱ་བཟའ་ཀོང་ཇོའི་པི་ཝང་། མ་འབྲུག་མོའི་གའུ། ཨ་ཁུ་ཁྲོ་ཐུང་གི་ཁྲིམས་རྔ། ལྷ་རྟ་རྐྱང་རྒོད་ཀྱི་སྲབ། སྟག་མོ་རལ་པ་ཅན་གྱི་པགས་པ་སོགས་བཞུགས།


   ཀམ་པོ་གནས་ནང་དུ་གེ་སར་ལྷ་ཁང་ཡོད་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་འདུལ། རྫོང་ཆེན་བཅོ་བརྒྱད། རྫོང་ཆུང་གྲངས་མེད་ཆམ་ལ་ཕབ་རྗེས་སྐུ་ཡི་བཀོད་པ་འཇའ་ལུས་སུ་བསྡུས། འདི་སྐུ་ཕུང་འོད་སྐུ་གྲོལ་བའི་གནས་ནི་ཀམ་པོ་གནས་ནང་ཡིན་ཟེར། དེར་བརྟེན། གནས་ནང་དུ་གེ་སར་ལྷ་ཁང་ཞིག་ཅི་ནས་ཀྱང་ཡོད་དགོས་པར་མཐོང་། གལ་སྲིད་བཤད་སྲོལ་ལྟར་དུ་ཡིན་སོང་ན། གེ་སར་ལྷ་ཁང་དེ་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་རེད་འདུག་སྙམ། གཞན་ཡང་བསྟན་པ་ཕྱི་དར་གྱི་སྔ་རྗེས་སུ་ལོ་ཙཱ་བ་དང་། གྲུབ་ཐོབ། མཁས་ཆེན་དུ་མ་ཞིག་གནས་འདིར་བྱ་རྒོད་རོ་ལ་འཛོམས་ལུགས་སུ་བརྟགས་ན། གནས་ནང་འདི་གླིང་གེ་སར་རྒྱལ་པོ་དགོངས་པ་རྫོགས་པའི་ཡུལ་དངོས་དེ་ཡིན་ཤས་ཆེ། འདི་མ་ཚད་པར་གནས་ནང་ཐམས་ཅད་དུ་གེ་སར་དང་འབྲེལ་བའི་བཤད་པ་ལུང་པ་གང་དང་རྟེན་ཕུན་སུམ་ཚོགས་པར་ཡོད་པ་དེའང་དོན་དང་མཐུན་པ་ཞིག་ཡིན། ཁྱད་པར་དུ་གནས་སྒོའི་གཡས་ཕྱོགས་སུ་ཡོད་པའི༼  ཁྲོ་ཐུང་མཁར་རྫོང༽ དེའང་ཤོད་སྲོལ་འདི་དང་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་མཐོང་།


གལ་ཏེ་གླིང་རྗེ་གེ་སར་རྒྱལ་པོ་སྐུ་འཇའ་ལུས་སུ་བསྡུས་མེད་ན། ཁོང་གི་བང་སོ་དེ་གནས་ནང་དུ་བཞུགས་ཐག་ཆོད་རེད། དེ་ལ་བསམ་བློ་འཁོར་དགོས་པའི་གནད་འགག་ཧ་ཅང་མང་། འདི་ནི་གནས་ནང་ཀམ་པོ་གངས་ཀྱི་ར་བའི་གསང་བ་ཆེ་ཤོས་གཅིག་དེའང་ཡིན་ནོ།།མངྒ་ལམ།


    མཆན། གནས་ནང་གེ་སར་ལྷ་ཁང་དེ་རིག་གསར་སྐབས་སུ་གཏོར་སྐྱོན་ཐེབས་ཟིན། ད་ལྟ་ཉམས་གསོའང་ཡག་པོ་ཐུབ་མེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1