༄༅།།བོན་ཆོས་ཀྱི་གནའ་དགོན་རྩེ་དྲུག་དགོན་དང་དེ་གའི་འཆམ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 07-06


བོན་ཆོས་ཀྱི་གནའ་དགོན་རྩེ་དྲུག་དགོན་དང་དེ་གའི་འཆམ། 

 གཡུང་དྲུང་བོན་ནི་ཐོག་མར་གནའ་བོའི་ཞང་ཞུང་གི་གནས་རི་གངས་ཏི་སེའི་རྒྱུད་ནས་བྱུང་བ་དང་།  དེ་ནི་བོད་ཀྱི་ཆོས་ལུགས་ཐོག་མ་ཡིན་ཞིང་ད་ལྟའི་བར་དུ་ལོ་རྒྱུས་ལོ་ངོ་སྟོང་ཕྲག་དུ་མ་ལྡན།  ངོ་མཚར་དཔལ་གྱིས་ཕྱུག་པའི་གནའ་བོའི་ཞང་ཞུང་གི་ཤེས་རིག་ནི་གཙོ་བོ་བོན་ཆོས་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་དང་། བོན་ཆོས་ནི་སྔ་དུས་སུ་གནའ་བོའི་ཞང་ཞུང་རྒྱལ་ཁབ་ཀྱི་འབངས་མི་ཡོངས་ཀྱིས་དད་པ་བྱེད་སའི་ཆོས་ལུགས་ཤིག་ཡིན་ཞིང་། ད་ལྟའི་དུས་སུའང་བོད་རིགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་སྣ་ཚོགས་ཡོད་དེ། དེང་སང་བོད་ཀྱི་གཉེན་སྟོན་དང་གངས་སྐོར་མཚོ་སྐོར། རླུང་རྟ་མཆོད་པ། དར་ཚོན་སྣ་ལྔ་འདོགས་པ།  རྡོ་འབུམ་སྤུངས་པ་སོགས་གོམས་སྲོལ་ཚང་མ་གནའ་བོའི་ཞང་ཞུང་གི་ཤེས་རིག་དང་འབྲེལ་བ་ཡོད། དེ་ལས་བོན་གྱི་དགོན་པ་རྩེ་དྲུག་གི་འཆམ་ནི་གནའ་བོའི་ཤེས་རིག་དེ་ལས་ཆེས་ཚབ་མཚོན་རང་བཞིན་ལྡན་པའི་སྒྱུ་རྩལ་  མཚོན་ཐབས་ཤིག་ཡིན། རྩེ་དྲུག་དགོན་ནི་བོད་ལྗོངས་ཤར་ཕྱོགས་ཀྱི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་གནས་རི་གྲགས་ཅན་རྩེ་དྲུག་རི་བོའི་སྒང་དུ་ཆགས་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི4800ཡས་མས་སུ་ཡོད། དེ་ནི་བོད་ལྗོངས་ཀྱི་དགོན་པ་མཚོ་ངོས་མཐོ་ཚད་ཆེས་མཐོ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་བོན་གྱི་དགོན་རྙིང་གལ་ཆེན་ཞིག་ཀྱང་ཡིན།

 

 རྩེ་དྲུག་དགོན་ནི་བོད་ཀྱི་བཙན་པོ་གཉིས་པ་མུ་ཁྲི་བཙན་པོས་གསར་བཞེངས་བྱས་པ་དང་ད་ལྟའི་བར་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན། དེ་ནི་རི་མཐོ་གཡང་གཟར་གྱི་ས་ཆར་ཆགས་ཤིང་འཇིག་རྟེན་པའི་འཚོ་བར་ཁ་ཐག་རིང་བའི་རྐྱེན་གྱིས་ཆོས་སྦྱོང་བའི་ཁོར་ཡུག་དབེན་ཞིང་འཇགས་པ་ཞིག་ཡོད། ལོ་ངོ་སྟོང་ཕྲག་དུ་མའི་རིང་དུ་རང་བྱུང་ལ་གནོད་འཚེ་དང་ཆོས་ལ་འཇིག་པ། མི་ལ་གོད་ཁ་དང་ཟིང་འཁྲུག་སོགས་བྱུང་ནས་དགོན་པར་ཞིག་སྐྱོན་ཅུང་ཟད་རེ་ཐེབས་ཀྱང་། བོན་ཆོས་ཀྱི་ས་བོན་གནས་འདི་ནས་མ་བོར་བར། དཔེ་གཞུང་དང་ཆོ་ག་གང་མང་ཆ་ཚང་བར་ཉར་ཚགས་དང་རྒྱུན་འཛིན་ཐུབ་ཡོད།

 

 རྩེ་དྲུག་གི་འཆམ་ནི་དུས་ཚོད་དང་ས་གནས་ངེས་གཏན་ཞིག་ནས་སྤེལ་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་ཕྱིར་མང་ཚོགས་ཀྱིས་ནམ་རྒྱུན་མཇལ་དཀའ། འཆམ་འཁྲབ་སྐབས་དགེ་འདུན་པ་ཚོས་འབག་དང་འཆམ་གོས་དང་དར་ཚོན་སྣ་ཚོགས་བསྣམས་པ་ དེར་སེམས་ཅན་ཐམས་ཅད་བདེ་བར་འགོད་པའི་དོན་དང་ལྡན་པ་མ་ཟད་ཆོས་ལུགས་རིག་གནས་ཀྱི་ཁྱད་ཆོས་ཀྱང་འཛོམས། འཆམ་གྱི་ཉིན་དེ་དག་གི་རིང་དུ་སེར་སྐྱ་ཕོ་མོ་ཀུན་གྱིས་ལྷ་ལ་མཆོད་བཀུར་དང་རྣམ་དཀར་གྱི་ལས་ལ་གཞོལ་བར་བྱེད།

 

 རྩེ་དྲུག་དགོན་གྱི་འཆམ་དེ་བོད་ཡུལ་གྱི་དགོན་སྡེ་གཞན་དག་གི་འཆམ་དང་བསྡུར་ན་ཁྱད་པར་ཡོད་ལ། ལོ་བཅུ་གཉིས་ལ་ཐེངས་རེ་འཁྲབ་པ་དང་། འཁྲབ་ཐེངས་རེ་རེར་སེམས་ཅན་ཐམས་ཅད་བདེ་བའི་ཞིང་ལ་འགོད་པར་གསོལ་བ་སྨོན་ལམ་འདེབས། རྩེ་དྲུག་གི་འཆམ་ནི་རྩེ་དྲུག་དགོན་པའི་ཆོས་ལུགས་བྱེད་སྒོ་ཆེ་ཤོས་ཡིན་ལ། བྱ་ལོར་དད་ལྡན་ཁྲི་སྟོང་མང་པོས་ལམ་གྱི་དཀའ་བ་ཁྱད་དུ་བསད་ནས་ལུས་ལ་གཟབ་མཆོར་སྤྲས་ཏེ་གངས་རིའི་ལྗོངས་ཀྱི་རྨད་བྱུང་དགོན་ཆེན་འདིར་འདུས་ཤིང་། དགེ་བའི་ཆོས་གསུངས་པ་དང་བཀྲ་ཤིས་སྨོན་ལམ་འདེབས་པ་སོགས་རྣམ་པ་རྒྱ་ཆེན་པོ་ཡོད།

 

 གསང་སྔགས་གླིང་པ་ནི་བོད་བརྒྱུད་ནང་བསྟན་གྱི་མིང་གྲགས་ཆེ་བའི་གཏེར་སྟོན་ཞིག་ཡིན་ལ། སྐུ་ཚེ་ཧྲིལ་པོར་གསང་འདུས་དེ་བཞིན་གཤེགས་པའི་སྐུ(གསང་འདུས་དེ་བཞིན་གཤེགས་པ་ནི་གསང་སྔགས་ཀྱི་རྒྱུད་ཆེན་དྲུག་ལས་དེ་བཞིན་གཤེགས་པ་གཙོ་བོ་ཞིག་ཡིན)དང་ཆོས་དཔེ་མང་པོ།   《རྩེ་དྲུག་རི་བོའི་གནས་ཡིག》(དེར་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་གྲུབ་ཆེན་རྣམས་རི་བོ་རྩེ་དྲུག་ལ་ཕེབས་ཚུལ་བཀོད་ཡོད་ལ། སངས་རྒྱས་འོད་དཔག་མེད་ཀྱི་ཞབས་རྗེས་ཀྱང་ཡོད)སོགས་གཏེར་གང་མང་བཏོན།  འཆམ་ཡིག་གི་མ་ཡིག་ནི་ཁོང་གིས་མཛད་པ་ཡིན།   མ་ཡིག་དེར་གྲུབ་ཆེན་ཁོང་བར་དོ་ནས་དམྱལ་ཁམས་བརྒྱུད་ཚུལ་བཀོད་ཅིང་། ཕྱིས་སུ་ཁོང་གིས་དེ་རྩེ་དྲུག་དགོན་ལ་གནང་བ་མ་ཟད།  དེ་འཆམ་གྱི་རྣམ་པར་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་པར་ཕན་འདོགས་དགོས་གསུངས།

 

 

 

 འཆམ་གྱིས་གཤིན་རྗེས་དགེ་སྡིག་འབྱེད་ཚུལ་བཅུ་གཞིར་བཟུང་ནས་དགེ་སྡིག་དང་རྒྱུ་འབྲས་སོགས་བསྟན་ཡོད། འཆམ་ཡིག་ཧྲིལ་བོར་བསྡོམས་པས་འཁྲབ་ཚན་བཅུ་ཡོད་ཅིང་།  དགེ་འདུན་པ་ཆོས་ལ་སྦྱོང་བ་ཟབ་པ་དག་གིས་འཁྲབ། དེར་གཤིན་རྗེ་ཆོས་རྒྱལ་གྱིས་དགེ་སྡིག་གི་བླ་མ་དང་། དགེ་སྡིག་གི་དགེ་འདུན་པ། དགེ་སྡིག་གི་དཔོན་པོ། དགེ་སྡིག་གི་མི་སེར། དགེ་སྡིག་གི་བུད་མེད་བཅས་བསྡོམས་པས་མི་བཅུ་ལ་ཁྲིམས་གཅོད་པ་དང་། དག་ཞིང་དང་དམྱལ་ཁམས་ལས་གང་ལ་འགྲོ་མིན་ནི་དགེ་སྡིག་སྤང་བླང་དང་འབྲེལ་བའི་གནས་ལུགས་བསྟན་ཡོད་ཅིང་། མི་རྣམས་ཀྱིས་ལས་དགེ་བ་བྱས་ན་དགེ་བའི་གནས་དང་ལས་སྡིག་པ་བྱས་ན་སྡིག་པའི་གནས་སུ་འགྲོ་སྲིད་པ་བརྗོད་ཡོད།

 

 འཆམ་འཁྲབ་པར་ཁྱོན་ཟླ་ཕྱེད་ལྷག་དགོས་ཤིང་།  ཉིན་བཅུ་གྲངས་ལྷག་ལ་ཆོས་འདོན་དགོས་ཤིང་། གསོལ་བ་སྨོན་ལམ་འདེབས་པ་སོགས་གཞི་བྱས་ཏེ་མཇུག་མཐའི་ཉིན་མོར་ད་གཟོད་འཆམ་འཁྲབ། དུང་བུད་པ་དང་ལྷན་དུ་དགེ་འདུན་པས་གཤིན་རྗེ་ཆོས་རྒྱལ་གྱི་འབག་གྱོན་ནས་ཕེབས་པ་དང་། ལུས་ལ་རིན་པོ་ཆེ་དང་མེ་ལོང་གིས་བརྒྱན་པའི་ན་བཟའ་ནག་པོ་བསྣམས་ཤིང་། ཕྱག་ཏུ་སེམས་ཅན་ཐམས་ཅད་ཀྱི་ལས་དགེ་སྡིག་འཇལ་བའི་གཤིན་རྗེའི་རྒྱ་མ་ཐོགས་ནས་ཡོལ་བའི་རྒྱབ་ནས་ཐོན་ཡོང་། དེའི་རྗེས་སུ་ལས་མཁན་སེང་མགོ་ཅན་འབྲངས་བའི་ཕྱག་ཏུ་ལས་དགེ་སྡིག་འབྱེད་པའི་མེ་ལོང་ཐོགས།   གཡས་ཀྱི་འོག་ཏུ་ལས་མཁན་གླང་མགོ་ཅན་གྱི་ཕྲག་ཏུ་རྩིས་ཁྲ་ཐོགས།  གཤིན་རྗེ་རྒྱལ་པོའི་གཡོན་དུ་ལས་མཁན་སྤྲེའུ་མགོ་ཅན་གྱི་ཕྱག་ཏུ་དགེ་སྡིག་གི་རྒྱ་མ་ཐོགས། གཡོན་གྱི་འོག་ཏུ་ལས་མཁན་ཕག་མགོ་ཅན་གྱི་ལག་ཏུ་དགེ་སྡིག་བགྲང་བའི་རྡེའུ་དཀར་ནག་    ཐོགས། དེ་མིན་ད་དུང་ཁྲིམས་ཆད་གཅོད་བྱེད་ཀྱི་ལག་ཆ་འཇིགས་ཡེར་བ་བཟུང་བའི་ལས་མཁན་གང་མང་ཡོད།

 

 འཆམ་གྱིས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དམྱལ་བ་དང་དག་ཞིང་གཉིས་མངོན་པར་མཚོན་ཡོད་ལ། བྱ་བ་གང་དང་གང་ལ་ལེགས་ཉེས་བླང་དོར་འབྱེད་སྐབས།   མིའི་རང་གཤིས་ཁྲོད་ཀྱི་དགེ་སྡིག་གཉིས་ཀྱིས་འཐབ་རྩོད་བྱེད་ཅིང་། དགེ་བ་ནི་དག་ཞིང་དང་སྡིག་པ་ནི་དམྱལ་བ་ཡིན་པ་དང་། དགེ་སྒྲུབ་སྡིག་སྤོང་གི་སྦྱོར་བས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་བདེ་བ་དང་སྡུག་བསྔལ་ཏེ་དག་ཞིང་དང་དམྱལ་བའི་ཁྱད་པར་འབྱེད། ཡིན་ནའང་རྣམ་ཤེས་ཚང་མར་མཐའ་མའི་ཤན་འབྱེད་བྱ་དགོས། ཐོབ་དང་གོ་ས་གང་ལའང་མ་ལྟོས་པར་བློན་པོ་སྤྲེའུ་མགོ་ཅན་གྱི་དགེ་སྡིག་གི་རྒྱ་མ་དང་བློན་པོ་ཕག་མགོ་ཅན་གྱི་རྡེའུ་དཀར་ནག་ལས་དྲང་བདེན་དང་ཡོ་འཁྱོག་མེད་པའི་འབྲས་བུ་ཞིག་ཐོན་སྲིད།   མི་སྡིག་ཅན་ངན་པ་རྣམས་དམྱལ་བར་འཁྲིད་པ་དང་དགེ་བའི་ལས་བསྒྲུབས་ཡོད་མཁན་རྣམས་བདེ་བ་ཅན་གྱི་ཞིང་ཁམས་སུ་འདྲེན། དུས་དེར་བསླེབས་ཐེངས་རེར་གོས་དཀར་དགེ་བའི་རང་བཞིན་ཅན་གྱིས་འཁོར་ལོ་སྐོར་བཞིན་ལྟད་མོ་བའི་ཁྲོད་དུ་ཡོང་ནས། བོན་ཆོས་ཀྱི་མ་ཏྲི་ཡིག་བརྒྱད་བཟློ་ཞིང་སྡིག་ཅན་ལ་སྙིང་རྗེ་དང་དགེ་བའི་ལས་   བསྒྲུབས་མཁན་རྣམས་ལ་དགའ་བ་མཉམ་སྐྱེད་བྱེད་ལ། དུས་ཡུན་སྐད་ཅིག་ཙམ་ལ་མི་ཁྲི་སྟོང་མང་པོས་ཨཱོ༵་མ་ཏྲི་མུ་ཡེ་ས་ལེ་འདུ་བཟློ་ཞིང་། ཨཱོ༵་མ་ཏྲི་མུ་ཡེ་ས་ལེ་འདུ་བཟློ་བའི་སྒྲ་དབྱངས་གངས་ལྗོངས་ས་མཐོའི་རི་ཀླུང་ཀུན་ཏུ་ཁྱབ་པར་བྱེད་པ་དང་།  ཡུལ་དངོས་སུ་བསླེབས་པའི་ལྟད་མོ་བ་ཚང་མ་ཧ་ལས་སུ་འཇུག་སྲིད། འདི་ནི་ཆོས་ལུགས་ཀྱི་སྟོབས་ཤུགས་ཡིན་པ་མ་ཟད་ངོ་མཚར་ལྡན་པའི་རིག་གནས་ཞིག་ཀྱང་ཡིན་ལ། དད་ལྡན་རྣམས་ལ་ཁྱད་འཕགས་ཀྱི་བྱིན་རླབས་དང་བློ་རྟོགས་གསར་པ་བསྐྱེད་སྲིད། འཇིག་རྟེན་ཆོས་ཀུན་དགེ་སྡིག་ལས་མ་འདས་ཤིང་དགེ་བ་ནི་དག་ཞིང་དང་སྡིག་པ་ནི་དམྱལ་བར་ངོས་བཟུང་ཆོག  དོན་དུ་བོན་ཆོས་སུ་ལོ་ངོ་སྟོང་ཕྲག་དུ་མར་རྒྱུན་འཛིན་གནང་བའི་འཆམ་ གྱིས་གནས་ལུགས་འདི་འདྲ་ཆུང་ཆུང་ཞིག་གསལ་སྟོན་གནང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1