ནོར་བུ་གླིང་ཁའི་དཔེ་རྙིང་བེད་སྤྱོད་རྣམ་གྲངས་འགོ་ཚུགས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-06


 

     ཚེས་30ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ནོར་བུ་གླིང་ཁའི་དོ་དམ་ཁྲུའུ་དང་མཉམ་ལས་བྱས་པའི་ནོར་བུ་གླིང་ཁའི་བོད་ལུགས་གསོ་རིག་དང་བོད་སྨན་གནམ་རིག་སྐར་རྩིས་ཀྱི་དཔེ་རྙིང་བེད་སྤྱོད་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་དང་། ད་ལྟ་ཤོག་ལྷེ་ཁྲི་3ལྷག་ཙམ་གྱི་བརྙན་འཚོལ་བསྡུ་བྱས་ཚར་བ་རེད།

   བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཚད་ལྡན་ཡིག་ཆ་ཞིབ་འཇུག་སུའོ་ཡི་འབྲེལ་ཡོད་འགན་འཁུར་བ་ཚེ་བརྟན་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་སྡེ་ཚན་གཉིས་ཀས་གྲོས་མོལ་བྱས་ནས། ནོར་བུ་གླིང་ཁའི་དོ་དམ་ཁྲུའུ་ཡི་རྒྱབ་སྐྱོར་འོག  གྲ་སྒྲིག་ལས་དོན་འབོར་ཆེན་བསྒྲུབས་ཡོད། དུས་སྟོད་ལ་ནོར་བུ་གླིང་ཁའི་དོ་དམ་ཁྲུའུ་ཡིས་བོད་ལུགས་གསོ་རིག་དང་བོད་སྨན་གནམ་རིག་སྐར་རྩིས་དང་འབྲེལ་བའི་ཉར་ཚགས་དཔེ་རྙིང་གི་དཀར་ཆག་མཁོ་འདོན་བྱས་ཡོད། སྨན་ཁང་གི་ཚད་ལྡན་ཡིག་ཆའི་རིགས་གཅིག་མཁས་ཅན་གྱིས་གདམ་གསེས་བྱས་རྗེས། ནོར་བུ་གླིང་ཁའི་དོ་དམ་ཁྲུའུ་ནས་གཡར་ཆོག་མིན་གཏན་འཁེལ་བྱས།  

  

   ཟླ་4པའི་ཟླ་སྨད་དུ་ལས་དོན་སྤེལ་ཚུན། མིག་སྔར་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནམ་རིག་སྐར་རྩིས་དཔེ་རྙིང་ཁྲི་3ལྷག་ཙམ་འཚོལ་བསྡུ་བྱས་ཡོད་པ་རེད། 

“དཔེ་རྙིང་བརྙན་ཕབ་འཚོལ་བསྡུ་ནི་པར་ལེན་དང་བཤར་འབེབས་བྱེད་སྟངས་གཉིས་ཡོད་པ་དང་། དེབ་གཡར་བའི་བརྒྱུད་རིམ་ཧ་ཅང་ནན་པོ་ཡོད།” ཚེ་བརྟན་ཕུན་ཚོགས་ཀྱིས་ནོར་བུ་གླིང་ཁའི་དོ་དམ་ཁྲུའུ་ཡི་ལས་དོན་མི་སྣའི་ཕེབས་རོགས་འོག་གཡར་དགོས་པ་དང་། དཔེ་རྙིང་གཡར་ལེན་བྱེད་སྐབས་ཆེད་མངགས་དཔེ་རྙིང་ཞིབ་བཤེར་མི་སྣ་གཉིས་ཀྱིས་ཡུལ་དངོས་ནས་ཁ་ཕྱེ་བ་དང་ཤོག་ངོས་རེ་རེ་བཞིན་ཞིབ་གཅོད་བྱེད་དགོས། ལྟ་ཀློག་དུས་ཚོད་དང་ཤོག་ངོས་རལ་དང་ཆ་མི་ཚང་བའི་གནས་ཚུལ་ཟིན་ཐོར་འགོད་པ་དང་། དེ་ནས་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ལས་དོན་མི་སྣར་དཔེ་རྙིང་ཆེ་ཆུང་ཐོ་འགོད་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་སྤྲོད་དགོས་པ་མ་ཟད། ད་དུང་བརྙན་ཕབ་འཚོལ་བསྡུ་བྱེད་དགོས། ལས་རིམ་ཚང་མ་ནོར་བུ་གླིང་ཁའི་ནང་དུ་སྒྲུབ་དགོས་པ་བཤད། 

   ལོ་10ལྷག་ཙམ་གོང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་བོད་ལུགས་གསོ་རིག་དང་བོད་སྨན་གནམ་རིག་སྐར་རྩིས་དཔེ་རྙིང་འཚོལ་བསྡུ་དང་། མྱུར་སྐྱོབ། ལེགས་སྒྲིག་བཅས་ཀྱི་ལས་དོན་སྤེལ་ཞིང་། མིག་སྔར་ཁག་100ལྷག་ཙམ་དཔེ་སྐྲུན་བྱས་ཡོད་པ་རེད། ད་རེས་ཀྱི་མཉམ་ལས་ནང་དཔེ་རྙིང་ཡང་སྤྱི་ཕན་རང་བཞིན་གྱི་དཔེ་སྐྲུན་འཆར་གཞིའི་ནང་དུ་བཅུག་ཡོད། 

  

   ཁོང་གིས་ད་རེས་བོད་ལུགས་གསོ་རིག་དང་བོད་སྨན་གནམ་རིག་སྐར་རྩིས་དཔེ་རྙིང་ལེགས་སྒྲིག་དང་འཚོལ་བསྡུ་བྱས་པ་དེས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅིང་། དེའི་ཞིབ་འཇུག་དང་བེད་སྤྱོད་ཀྱིས་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་དང་དེ་བཞིན་ཚན་ཞིབ་སློབ་ཁྲིད་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།

   གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ནོར་བུ་གླིང་ཁར་དཔེ་རྙིང་ཁྱོན་པོ་ཏི་1757ཉར་ཚགས་བྱས་ཡོད་ཅིང་། ཡོངས་ཁྱབ་ཞིབ་བཤེར་བྱས་པ་བརྒྱུད། ཀྲུང་གོའི་རྒྱལ་ཁབ་རིམ་པ་དང་པོའི་རིག་དངོས་པོ་ཏི་57དང་། རིམ་པ་གཉིས་པའི་རིག་དངོས་པོ་ཏི་302 རིམ་པ་གསུམ་པའི་རིག་དངོས་པོ་ཏི་805བཅས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1