ཞི་ཅིན་ཕིང་གིས“གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་ཐུན་མོང་གི་འགན་འཁྲི་དང་བྱ་སྤྱོད་ཀྱི་རིན་ཐང”གི་ཇུས་འདོན་ཚོགས་པའི་སྨྱན་སྦྱོར་གྱི་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-06


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཐུན་མོང་གི་འགན་འཁྲི་དང་བྱ་སྤྱོད་ཀྱི་རིན་ཐང”གི་ཇུས་འདོན་ཚོགས་པའི་སྨྱན་སྦྱོར་གྱི་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་ཉིས་བརྩེགས་ཐོན་ཡོད་པས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཁག་ལ་ནུས་ཤུགས་འདང་གི་མེད་པ་དང་། ལྷོ་བྱང་འཕེལ་རྒྱས་ཀྱི་ཧེ་བག་སྔར་བས་ཆེ་རུ་ཕྱིན་ནས་འཛམ་གླིང་འདི་ཉིད་ཡོ་ལངས་ཆེ་ལ་འཕོ་འགྱུར་ཆེ་བའི་དུས་རིམ་གསར་པ་ཞིག་ལ་སླེབས་ཡོད་པས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་མིའི་རིགས་ལ་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། དེར་བརྟེན། ཀྲུང་གོས་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ཏེ་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། ཀུན་ཕན་བསྟུན་མཁས་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་སྤྱིའི་སྔོན་འགྲོའི་གྲོས་རིམ་ནང་འཇོག་རྒྱུར་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོ་དེ་བས་ཤུགས་དང་ལྡན་པ་དང་། ལྗང་མདོག སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

        “གོ་ལ་ཧྲིལ་པོ་འཕེལ་རྒྱས། ཐུན་མོང་གི་འགན་འཁྲི་དང་བྱ་སྤྱོད་ཀྱི་རིན་ཐང”ཞེས་པའི་ཇུས་འདོན་ཚོགས་པའི་སྨྱན་སྦྱོར་མཐོ་རིམ་གླེང་སྟེགས་དེ་ཉིན་པེ་ཅིང་དུ་གཉེར་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིས་མཉམ་དུ་གཉེར་འགན་འཁུར་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1