ལྷ་སས་གྲོང་ཁྱེར་ཉེ་འདབས་ཀྱི་རིག་གནས་ཡུལ་སྐོར་གོང་འཕེལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-07



2021ལོའི་སྐབས་དྲུག་པའི་སྐྱོར་མོ་ལུང་ལུགས་ཀྱི་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ།

          སྐྱོར་མོ་ལུང་ལུགས་ཀྱི་ལྷ་མོའི་ཕ་ས་དང་སྨན་གྱི་རྒྱལ་པོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་འཁྲུངས་ཡུལ་གཡུ་ཐོག་རོང་དང་། མཚུར་ཕུ་རོང་། སྤང་ཕུ་རོང་། གཞུང་པ་ལྷ་ཆུ་གླིང་ཁ་སོགས་མཚོན་བྱེད་དུ་གྱུར་པའི་གྲོང་འདབས་སྤྲོ་གསེང་རོལ་རྩེད་གླིང་ཁ་གང་མང་ཞིག་ཡོད། ཚེས3ཉིན་གསར་འགོད་པས་ལྷ་སའི་སྟོད་ལུང་བདེ་ཆེན་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁུལ་འདིའི2022ལོའི“གཡུ་ཐོག”རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་འོས་སྦྱོར་ཚོགས་འདུ་དངོས་སུ་འགོ་ཚུགས་ནས། ལྷ་སའི་དབྱར་དུས་ཀྱི་རིག་གནས་ཡུལ་སྐོར་སྤྲོ་འཆམ་གྱི་དུས་ཆེན་ཞིག་གཏོད་རྒྱུ་ཡིན་འདུག

          ཚེས2ཉིན་གྱི་ཕྱི་དྲོར། ཀྲུང་གུང་སྟོད་ལུང་བདེ་ཆེན་ཁུལ་ཨུད་དང་། སྟོད་ལུང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་། སྟོད་ལུང་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་སྟོད་ལུང་བདེ་ཆེན་ཁུལ་གྱི2022ལོའི“གཡུ་ཐོག”རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ་རེད།

 

སྟོད་ལུང་བདེ་ཆེན་ཁུལ་གཡུ་ཐོག་རོང་གི་ཡུལ་ལྗོངས།

          ཤེས་རྟོགས་བྱུང་བར་གཞིགས་ན། སྟོད་ལུང་བདེ་ཆེན་ཁུལ་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྐྱོར་མོ་ལུང་ལྷ་མོའི་འབྱུང་གནས་ཡིན་པ་དང་། ལྷ་མོ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་སོར་བཞག་བྱས་ཡོད་པས་ལྷ་མོའི་འབྱུང་ཁུངས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྟོད་ལུང་གཡུ་ཐོག་རོང་ནི་བོད་སྨན་གྱི་རྒྱལ་པོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་འཁྲུངས་ཡུལ་ཡིན་ལ། དེའི་ཕྱིེར་སྟོད་ལུང་བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་ལ་གཡུ་ཐོག་ཅེས་བཏགས།

          སྟོད་ལུང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ་བཀྲ་ཤིས་ལྷ་དབང་གིས། སྟོད་ལུང་གི་ཡུལ་སྐོར་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2700ལྷག་ཡོད་པའི་ས་རྒྱུ་གཤིན་པོ་འདི་རུ་ལོ་ངོ་སྟོང་ལ་དར་བའི་རྒུ་རུམ་ཆུ་འཐག་རྩམ་པའི་བཟའ་བཏུང་རིག་གནས་ཡོད་པར་མ་ཟད། ལམ་རྒྱུད་ཀྱི་གྲོང་རྡལ(ཁྲོམ་གཞུང)ལས་སྟོད་ལུང་མི་དམངས་ཀྱི་བློ་གྲོས་མཚོན་ཡོད། ཆུས་འདིར་ཀྲུང་གོའི་རྒྱལ་ཁབ་ཀྱི4Aརིམ་པའི་ལྗོངས་ཁུལ་ཏེ་ཞང་ཞུང་མེ་ཏོག་སྐྱེ་ཁམས་ཡུལ་སྐོར་གླིང་ཁུལ་ཡོད་པ་དང་། སྔ་རྗེས་སུ“རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་གྲོང་ཚོ”དང“རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི”བྱ་དགའ་གཉིས་ཐོབ་པའི་སྤོ་མ་གྲོང་ཚོ་དང་། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་བདེ་སྐྱིད་བོད་ཁྱིམ་གྱི་དམངས་སྲོལ་ཡོད་ཅིང་། མཛེས་ལྗོངས་ལྟ་ན་སྡུག་པའི་གཡུ་ཐོག་རོང་དང་། མཚུར་ཕུ་རོང་། སྤང་ཕུ་རོང་བཅས་དང་དེ་བཞིན་གཞུང་པ་ལྷ་ཆུའི་གླིང་ཁ་མཚོན་བྱེད་དུ་གྱུར་པའི་གྲོང་འདབས་ཀྱི་སྤྲོ་གསེང་རོལ་རྩེད་གླིང་ཁ་སོགས་ཡོད་ཅེས་མཚམས་སྦྱོར་བྱས།

 

2021ལོའི་སྐབས་ལྔ་པའི་རྒུ་རུམ་རྩམ་པའི་རིག་གནས་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ།

          ཉེ་བའི་ལོ་ཤས་ཀྱི་རིང་ལ་སྟོད་ལུང་བདེ་ཆེན་ཁུལ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དུ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ལྷ་སའི“ཤར་ནུབ་སྦྲེལ་མཐུད་དང་ལྷོ་བྱང་སྦྲེལ་མཐུད”བྱེད་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི“ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ”རྒྱལ་ཁའི་ངང་གཏོད་རྒྱུའི་གོ་སྐབས་དམ་འཛིན་བྱས་ཏེ་ཁོངས་གཏོགས་རིག་གནས་ཐོན་ཁུངས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་ས་ཁོངས་ཡུལ་སྐོར་གྱི་བར་སྟོང་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་འདོན་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས“ཡུལ་སྐོར+”ཐོན་ལས་མང་པོ་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། གཞན་ཡང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་རིག་གནས་ལ་དོ་སྣང་བྱེད་པ་དང་། ཞིང་ལས་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་ཕ་ཡུལ་དྲན་གདུང་ལ་སྣང་འཇོག་བྱེད་པ། བདེ་ཐང་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་བདེ་ཐང་ལ་དོ་སྣང་བྱེད་པ། ལུས་རྩལ་ཡུལ་སྐོར་ལ་བརྟེན་ནས་ལུས་སྦྱོང་ལ་དོ་སྣང་བྱེད་པ་བཅས་བྱས་ནས་སྣ་མང་རམ་འདེགས་དང་། ལས་རིགས་མང་པོ་མཉམ་གནས། རྒྱུ་མང་མཉམ་འདྲེས་བཅས་ཀྱི་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་ཤུགས་བརྒྱབ་སྟེ་སྤུས་ཚད་དང་། ཤོང་ཚད། ཕན་འབྲས་བཅས་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ་ལྷ་སའི་གྲོང་འདབས་ཀྱི་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུ་ཡིན་པ་རེད།

          རྗེས་ཕྱོགས་སྟོད་ལུང་བདེ་ཆེན་ཁུལ་གྱིས་ལེགས་ཆ་དེ་དག་དང་ཟུང་འབྲེལ་གྱིས། ཟླ7པའི་ཚེས9ཉིན་ནས་བཟུང་དུས་ཡུན་ཟླ་བ་གསུམ་གྱི་རིང་ལ་སྔར་དང་མི་མཐུན་པའི་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཚིགས་ཤིག་སྤེལ་འགོ་ཚུགས་རྒྱུ་ཡིན་ལ། འགོ་ཚུགས་མཛད་སྒོ་དང་། རོལ་དབྱངས་དུས་ཆེན། ལྷ་མོའི་དུས་ཆེན། རྐང་འཁོར་ཉམས་ལེན་འགྲན་བསྡུར། སྐྱེ་ཁམས་ཉམས་ལེན་ཡུལ་སྐོར། རྟ་རྒྱུག་དུས་ཆེན། རྒུ་རུམ་རྩམ་པའི་དུས་ཆེན་སོགས་ཀྱིས་མཚོན་པའི་ལྷ་སའི་དབྱར་དུས་ཀྱི་རིག་གནས་ཡུལ་སྐོར་རོལ་རྩེད་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་འཆར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1