༄༅།།ནང་བསྟན་སློབ་གསོའི་སློབ་ཁྲིད་སྐོར།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-08


ནང་དོན་གནད་བསྡུས།

ནང་བསྟན་སློབ་གསོ་ནི་ཕྱིའི་ལྟ་ཚུལ་ཙམ་མ་ཡིན་པར་ནང་བསམ་པའི་དཔལ་ཡོན་ལ་མཛེས་སྡུག་སྐྲུན་པར་བྱེད་པ་ཞིག་ཡིན་ལ།  དཔྱད་རྩོམ་འདིའི་བརྗོད་དོན་གཙོ་བོ་ནི་འཆོས་སྐྱོབ་ཡོན་ཏན་གཉིས་ལྡན་གྱི་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་པའི་བྱེད་ལས་ཅན་ཞིག་ཡིན།  དེ་ཡང་གང་འཆོས་པ་བྱེད་ཅེ་ན་རང་རྒྱུད་ཉོན་མོངས་པའི་སྐྱོན་རྣམས་འཆོས་ཤིང་གང་སྐྱོབ་པ་ནི་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་འགྲོའི་གནས་སུ་ལྷུང་བའི་སེམས་ཅན་དག་ཡོངས་སུ་སྐྱོབ་པར་བྱེད་པས་ན་བྱེད་ལས་ཀྱི་སྒོ་ནས་འཆོས་སྐྱོབ་ཅེས་བརྗོད་པ་ཡིན།   དེ་ཡང་ཆོས་ཞེས་པ་དེ་སྤྱིར་འཇུག་ཚུལ་གྱི་དབང་དུ་བྱས་ན།   ལེགས་སྦྱར་གྱི་སྐད་དུ་དྷ་རྨ་ཞེས་ཆོས་ལ་འཇུག་པར་བཤད་དེ།   [ སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྣམ་བཤད་རིག་པ་སྡེ་དགེའི་བསྟན་འགྱུར་པར་གཞི་ཤི་པོད་སྡེབ་གྲངས་༣༦པའི་ཉིན་ངོས་ཐིག་ཕྲེང་གཉིས་པ་ལས་དྲངས།། ] དེ་ཡང་རྣམ་བཤད་རིག་པ་ལས།   ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་གསུངས་པ་ལྟར་དོན་བཅུ་ལ་འཇུག་པར་བཤད་པ་དང་།     སྐབས་འདིར་འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པ་དེ་ལ་ཆོས་ཞེས་བརྗོད་པར་ཡིན།   ཡང་དེ་ཉིད་ལས།  ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོ་པ་གང་ཡིན་ཏེ། །འཆོས་སྐྱབས་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཞེས་གསུངས་པ་ལྟར་རོ།།   སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་ལ་ནང་གསེས་སུ་དབྱེ་ན་ལུང་གི་ཆོས་དང་རྟོགས་པའི་ཆོས་གཉིས་ཡོད་པ་དང་།  ལུང་གི་ཆོས་དེ་ལ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་སྟེ་འདུལ་བ་དང་མདོ་སྡེ་མངོན་པའི་སྡེ་སྣོད་གསུམ་དང་།  རྟོགས་པའི་ཆོས་བསླབས་པ་གསུམ་སྟེ་གཞི་ཚུལ་ཁྲིམས་ཀྱི་བསླབས་པ་དང་།  ཏིང་ངེ་འཛིན་གྱི་བསླབས་པ།   ཤེས་རབ་ཀྱི་བསླབས་པ་གསུམ་མོ།   དེ་ལྟ་བུའི་ལུང་དང་རྟོགས་པའི་དམ་པའི་ཆོས་ཀྱི་སྲོལ་ཐོག་མར་འབྱེད་པ་པོ་དེ་རྫོགས་པའི་སངས་རྒྱས་ཉག་གཅིག་ཁོ་ན་ཡིན་ལ།   ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དེ་ལ་འཆད་ཉན་སྤེལ་གསུམ་གྱི་སྒོ་ནས་ལུགས་སྲོལ་རྒྱུན་འཛིན་བྱེད་པའི་གང་ཟག་དེ་ལ་ཆོས་ལུགས་པ་ཞེས་པའི་ཐ་སྙད་དེ་བྱུང་བ་ཡིན་ནོ།།                                         

གཉིས་པ། དགོན་སྡེའི་ནང་བསྟན་སློབ་གསོའི་སློབ་ཁྲིད་ཀྱི་རིམ་པ་ཇི་ལྟར་རྒྱུད་དགོས་པའི་སྐོར།

དེ་ཡང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ཕྱོགས་ཡོངས་ནས་དར་སྤེལ་དང་རྒྱུན་འཛིན་གཏོང་ནས།  དགོན་སྡེ་དང་ཆོས་ལུགས་གྲུབ་མཐའ་ཁག་གིས་མིའི་བསམ་བློ་ལ་རིག་གནས་ཀྱི་མཛེས་སྡུག་སྤྲས་པ་བྱེད་རྒྱུ་དེ་ཆེས་གལ་ཆེ་བའི་འོས་འགན་ཞིག་ཡིན་ལ།    དེའང་ཐོག་མར་དགོན་སྡེའི་སློབ་སྦྱོང་གི་རིམ་པ་ཇི་ལྟར་རྒྱུད་ཚུལ་ནི།  དགོན་བདག་གཉེར་ཨུ་ཡོན་ལྷན་ཁང་གི་བསྐོ་བཞག་བྱས་པའི་དགེ་རྒན་ལ་བསྟེན་ནས། འདོན་ཆོས་སྤྱོད། ཆིངས་ཕྱག་ལེན། བཅའ་རྡུང་འབུད་དཀྲོལ། ཐིག་རྡུལ་ཚོན་དབྱངས་དང་གདངས་སོགས་བསླབ་བྱའི་གནས་ཡིན་ལ།  དེ་ལ་དང་པོ་རང་ཉིད་ཆོས་རྒྱུད་གང་ཡིན་ན་ཆོས་རྒྱུད་དེའི་སྔོན་འགྲོའི་ཚུལ་གྱིས་ཆོས་སྤྱོད་ཀྱི་རིམ་པ་རྣམས་དགོན་པའི་འདོན་སྒྲིག་དང་མཐུན་པར་ཆེད་སྦྱོང་གི་རིམ་པ་རྒྱུད་ནས།  དེ་ནས་ལྷ་སོ་སོའི་དཀྱིལ་འཁོར་བསྒྲུབ་པའི་ཆོ་གའི་རིམ་པ་རྣམས་ཆགས་ཐོགས་མེད་པར་བྱང་ཆུབ་པར་སྦྱོང་དགོས། དགོན་པ་གཅིག་ལ་མ་མཐའ་ཡང་དཀྱིལ་འཁོར་བཅུ་ཕྲག་རེ་ཟུང་གི་ཆོ་ག་ཡོད་པས་དེ་དག་གཞན་འབྲིང་མི་འཇོག་པར་རང་རྐྱ་ཐུབ་པར་སློབ་སྦྱོང་བྱས་ནས་ཤེས་དགོས།   དེ་ནི་འདོན་ཆོས་སྤྱོད་ཀྱི་སློབ་གསོ་དང་སློབ་གཉེར་གྱི་རིམ་པ་ཡིན་ལ།  གཉིས་པ་ཆིངས་ཕྱག་ལེན་གྱི་སྐོར་ཅུང་ཟད་ཞུས་ན།  ཐོག་མར་སྐྱབས་འགྲོ་ནས་འགོ་བརྩམ་པའི་མཇུག་བསྔོ་བའི་བར་ཆོ་གའི་རིམ་པ་རྣམས་རྒྱུད་སྡེ་གོང་འོག་གི་ཁྱད་པར་དང་བསྟུན་ནས་འདོན་སྒོམ་སྦྲག་མའི་ངང་སྐད་ཅིག་ཙམ་མི་འདའ་བར་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་འདོན་པ་དེ་ཆིངས་ཡིན་ལ། སྔོན་གྱི་དམ་པ་གོང་མ་རྣམས་ཀྱིས་ཕྱག་བཞེས་ལྟར་དཀྱིལ་འཁོར་གྱི་ཆོ་གའི་ལས་ལ་འཇུག་པར་བྱ་བ་མཐོང་བ་བརྒྱུད་པའི་ཕྱག་ལེན་ཞེས་གྲགས་པ་ཡིན།   གསུམ་པ་བཅའ་རྡུང་འབུད་དཀྲོལ་བཞི་ལས་དང་པོ་བཅའ་བ་ནི་གཏོར་མ་ཡིན་ལ།  གཏོར་མ་དེའང་ངོ་བོའི་ཆ་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་བསྲུང་ནོར་ལྷ་སོགས་དང་།  འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་མཆོད་པའི་རྫས་ཀྱི་བྱེ་བྲག་དང་།   རིགས་དྲུག་གིས་སེམས་ཅན་ལ་ཟང་ཟིང་གི་སྦྱིན་པའི་ངོ་བོ་ཅན་དང་།   རྣམ་པའི་ཆ་ནས་གླུད་དང་ཟོར་སོགས་གཏོ་ཡན་ཆད་ཞི་རྒྱས་དབང་དྲག་གི་ཆོ་གའི་འཇུག་སྒོ་དང་བསྟུན་པའི་གང་ལ་གང་མཚམས་ཀྱི་ངོ་བོ་གཙང་ཞིང་དགེ་ལ་རྣམ་པ་མཛེས་པའི་ཉམས་ཀྱི་བཅའ་བཟོའི་སློབ་གཉེར་མཐར་ཕྱིན་པར་བྱས་ཏེ་ཤེས་ཡོན་རྒྱུད་ལ་འབྱོར་པ་བྱེད་དགོས།   གཉིས་པ་རྡུང་བ་རྔ་དང་རྔ་བོ་ཆེ་མཁར་རྔ་གནྜི་སོགས་རང་དགར་ཚོད་འཛིན་མེད་པར་རྡུང་ཆོག་སྲོལ་མེད་པས།  དེ་ཡང་རྔ་ལྟ་བུ་གཅིག་ལ་མཚོན་ན་ཡང་འདོན་པའི་དབྱངས་གདངས་ཀྱི་རམས་འདེབས་སུ་ཐིག་རྡུང་དང་འབྲུ་རྡུང་།  སྒང་རྡུང་།  བཟློག་རྡུང་། འུར་རྡུང་སོགས་འདོན་རྟ་དང་ཕྱོགས་ཐོན་ཀྱི་རྣམ་པ་ཅན་ཞིག་སྟེ།  སྔོན་གྱི་མཁས་པ་དང་གྲུབ་པའི་དབང་པོ་རྣམས་ཀྱིས་ཕྱག་ལེན་དང་མཛད་རྗེས་ལ་གཞི་བཅོལ་ནས་སློབ་སྦྱོང་གི་གོ་རིམ་རྒྱུད་དེ་སློབ་གཉེར་བྱེད་པ་ཞིག་ཡིན།  གསུམ་པ་དུང་དང་ལྗགས་གླིང་རྐང་དུང་དུང་དཀར་སོགས་འབུད་པར་སློབ་གཉེར་བྱེད་དགོས་ལ།  དེ་ཡང་འབུད་ཤེས་ཙམ་དང་དབུགས་བཀང་ཤེས་ཙམ་གྱིས་ཕན་པར་མེད་ལ།  དུང་དམར་ལྟ་བུ་ཞིག་ལ་མཚོན་ན་ཡང་།  ཏིར་དང་།  རྒྱངས་།  རྣམ་བཅད།  གཏེགས།  འཁྱུག ཀློད་སོགས་དབུགས་ཀྱི་རྒྱུད་ཐག་ཀློད་ཀྲོལ་འཆིངས་ཟློག་གི་རྣམ་པ་ལ་སློབ་ཐོན་མ་བྱུང་བར་སྦྱོང་རྒྱུ་དང་།  ལྗགས་གླིང་ལ་ལྗགས་སོག་སྤྲད་དེ་དབུགས་རྒྱོང་སྦུ་གུར་དྲངས་ནས་མཛུབ་མོའི་འཕར་འདེགས་སྒྱུ་རྩལ་གྱི་ཁྱད་པར་ལས་སྙན་འགྱུར་དབྱངས་ཀྱི་ཉམས་མི་འདྲ་བ་སྣ་ཚོགས་ཐོན་པར་སྦྱངས་དགོས་།  དུང་དཀར་དང་རྐང་གླིང་སོགས་ཀྱང་དཔེར་དེ་མཚུངས་ཡིན་ལ།  བཞི་པ་རོལ་མོ་དང་སིལ་སྙན་དྲིལ་བུ་ཌ་མ་རུ་སོགས་འདོན་པའི་མཚམས་སུ་མཆོད་བསྟོད་དང་འབྲེལ་ནས་རྔ་དང་ལྷན་དུ་དཀྲོལ་བ་བྱ་རྒྱུ་ཞིག་ཡིན་ལ།  དེ་ཡང་གྲངས་དང་དུས་ཉམས་སོགས་ཀྱི་ཁྱད་པར་ལས་སྒྲ་དབྱངས་སྣ་ཚོགས་ཀྱིས་མཆོད་རོལ་བྱས་པ་ནི་ལྷ་མཉེས་པའི་ཐབས་དམ་པ་ལགས་སོ།  བཞི་པ་ཐིག་དང་རྡུལ་མཚོན་འདི་ལ་དཀྱིལ་འཁོར་དངོས་སུ་བཞེངས་ཚེ་ཡེ་ཐིག་དང་།  གནམ་ཐིག  ས་ཐིག་སོགས་དཀྱིལ་འཁོར་མ་བཞེངས་གོང་གདབ་པར་བྱ་བ་ཞིག་ཡིན་ལ།  གདབ་བྱའི་ཐིག་ལ་རྒྱ་གཞུང་དང་མན་ངག་གི་ལུགས་གཉིས་སུ་བྱུང་ཡོད།  གཞུང་ལུགས་ཁོ་ན་སྦྱངས་བས་ཕན་མི་ཐོགས་པས་དངོས་སུ་ཐིག་གཞུང་དང་ལག་ལེན་འབྲེལ་ཏེ་གདབ་ནས་སྦྱོང་ན་འགྱོགས་པར་ཤེས་སླ་ལ།   དེ་ཡང་དང་པོ་སྐྱ་ཐིག་འདེབས་ཏེ་ཤར་ལྷོ་དབང་ལྡན་གྱི་མཚམས་ནས་རྩིབས་པ་རིམ་པ་ལྔ་སོར་གསུམ་ཡས་མས་སུ་ཚོན་དགྱེ་དགོས།   དེ་ནི་སྟ་གོན་གྱི་ཆོ་ག་སྒྲུབ་པའི་ཐབས་ཀྱི་སྔོན་འགྲོ་ཡིན།  དེ་ནས་དངོས་གཞི་རྒྱུད་གང་གི་དཀྱིལ་འཁོར་བཞེངས་པ་དེ་རྒྱུད་སྡེ་དེས་ཕྱིའི་དཀྱིལ་འཁོར་རྟེན་གཞལ་ཡས་ཁང་བཞེངས་པ་ཡིན་ལ།  ནང་དུ་ལྷ་སྣམ་གྱི་གདན་ལ་ལྷའི་ཚོམ་བུ་ཚོན་སྤུངས་གི་རྣམ་པ་བཞེངས་པ་ནི་བརྟེན་པ་ལྷའི་སྐུ་བཞེངས་པ་ཡིན།   དེ་ལྟར་རྟེན་དང་བརྟེན་པའི་ཐིག་དང་དཀྱིལ་འཁོར་སློབ་གཉེར་མཐའ་ཆག་ཙམ་ཞུས་པ་ཡིན། དབྱངས་དང་གདངས་ནི་འདོན་པའི་སྒྲ་གདངས་སྙན་འཇེབ་ངག་གི་སྒྱུ་རྩལ་ལས་དྲངས་པ་ཞིག་ཡིན།   དེ་དག་ནི་དགོན་པ་ཞིག་ཡིན་ནས་བཟུང་སློབ་སྦྱོང་གི་རིམ་པ་ངེས་པར་དུ་རྒྱུད་དགོས་པ་ཡིན་ནོ།།

གསུམ་པ། ནང་བསྟན་སློབ་གསོའི་སློབ་སྦྱོང་གིས་ཕན་ནུས་དང་ཁྱད་པར་བཤད་པ།

དེང་དུས་ནང་བསྟན་དགོན་སྡེ་ཞེས་ལྷ་ཁང་གྲུ་བཞི་ཞིག་ལ་ངོས་མི་འཛིན་པར་དེའི་ནང་གི་གྲྭ་བཙུན་ཕོ་མོའི་རྒྱུད་ལ་ཡོན་ཏན་གྱིས་འབྱོར་པའི་ཁྱད་པར་ལས་ཆོས་ལུགས་མི་སྣ་གསོ་སྐྱོང་དང་འདུས་བསྡོད་བྱས་པའི་ཚོགས་ར་ཞིག་ལ་དགོན་སྡེ་ཞེས་འབོད་ན་དོན་ལྡན་གྱི་མིང་དུ་འགྱུར་ལ།   སྤྱིར་དགོན་པ་ཞེས་པ་དེ་ས་སྟོང་གི་མིང་ཡིན་ལ།  གནའ་བོའི་རྒྱ་གར་དུ་ཉིན་མོར་མི་ཡིས་རྒྱུ་འགྲུལ་དང་། མཚན་མོར་སྒྲའི་ཅ་ཅོ་མེད་པའི་ས་སྟོང་དུ་དགེ་སློང་དག་གིས་བདེན་བཞིའི་དམ་ཆོས་ཉམས་སུ་ལེན་ནས་བཞུགས་པ་ལ་འབྲོག་དགོན་པ་ལ་གནས་པའི་དགེ་སློང་ཞེས་འབོད་པ་སྟོན་པའི་གསུངས་རབ་རྣམས་སུ་གསལ་བས། བོད་ཡུལ་འདིར་འདུས་སྡེ་མང་པོ་མཉམ་དུ་འཚོགས་པའི་ཚོགས་རའི་འདུ་ཁང་དང་།  དེའི་ཉེ་འཁོར་གྲྭ་ཤག་མང་པོ་ཡོད་སའི་གནས་དེ་ལ་དགོན་པ་དང་དགོན་སྡེ་སོགས་ངོས་འཛིན་གནང་གི་ཡོད་པར་ཡིན།  གང་ལྟར་ཡང་གང་ཟག་གི་རྟེན་ལ་སོ་ཐར་རིགས་བདུན་གང་རུང་གི་སྡོམ་རྒྱུན་ངེས་པར་དུ་ཡོད་དགོས་པས།  གལ་སྲིད་མེད་ན་དགེ་འདུན་པའི་ཐ་སྙད་མི་འབྱུང་བས། དགེ་འདུན་པའི་ཐ་སྙད་མེད་ན་གང་ཟག་དེ་ཁྱིམ་པ་ཁོ་ན་ལས་མ་འདས་པས།  གང་ཟག་དེས་དགེ་འདུན་པའི་དཀོར་ལ་ལོངས་སྤྱོད་པའི་དབང་ཆ་མེད།  དེའང་དགེ་འདུན་པའི་གྲྭ་གོས་ཀྱང་གོན་པའི་ཐོབ་ཐང་མེད་ལ།  ཐེག་དམན་ལྟར་ན་སོ་ཐར་གྱི་སྡོམ་རྒྱུན་ཡོད་པའི་གང་ཟག་བཞི་ལ་དགེ་འདུན་དཀོན་མཆོག་གི་མཚན་ཐོབ་པ་ལས་དེ་ལས་ཉུང་ན་གང་ཟག་ཁོ་ན་ལས་དཀོན་མཆོག་གི་གྲངས་སུ་མི་བགྲང་ངོ་།   ཐེག་ཆེན་བྱང་སེམས་ལྟར་ན་སེམས་བསྐྱེད་ཀྱི་བསླབ་བྱ་ཐོབ་པའི་གང་ཟག་གཅིག་ལ་ཡང་དགེ་འདུན་དཀོན་མཆོག་གི་གྲངས་སུ་བགྲང་བ་ཡིན་ལ།  གསང་སྔགས་ཀྱི་དབང་བསྐུར་ཐོབ་ནས་དམ་ཚིག་ལ་གནས་པའི་བླ་མ་དེའི་སྐུ་དགེ་འདུན།  གསུང་དམ་ཆོས།  ཐུགས་སངས་རྒྱས་ཏེ་དཀོན་མཆོག་གསུམ་ཀ་ཚང་བས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ཡིན་པར་བཞེད་དོ།།   རིག་གྲོལ་ཡོན་ཏན་བརྒྱད་ལྡན་དེ་དགེ་འདུན་དཀོན་མཆོག་གི་མཚན་ཉིད་དུ་འཇོག་ཡོད་ལ།  དེ་དག་གི་ས་མཚམས་དང་དབྱེ་བ་སོགས་ཕར་ཕྱིན་ཐེག་པའི་གཞུགས་ལུགས་རྣམས་སུ་གསལ་བས་དེ་དག་ལས་ཤེས་པར་བྱའོ།། འདིའི་དོན་རྒྱས་པ་ཡིག་ཚོགས་མང་བ་དོགས་ནས་མ་བྲིས་སོ།།   མདོར་ན་དགོན་སྡེའི་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་དགོངས་པ་ཡིན་ཕྱིར།  དེ་དག་གི་བསྙེན་བསྒྲུབ་ལས་གསུམ་གྱི་སྒོ་ནས་དཀྱིལ་འཁོར་གྱི་ཆོ་གའི་ལས་ལ་འཇུག་པ་ནས་བཟུང་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོར་ཞུགས་པ་ལགས་པས་གང་ཟག་དེའི་རྒྱུད་ལ་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ཐམས་ཅད་དང་ལྡན་པ་ཡིན་དགོས།  དེ་ཡང་ངོ་བོར་གནས་འགྱུར་སྡོམ་གསུམ་ཡར་ལྡན་ཞེས་པ་དང་།  རིགས་ལྔའི་སྡོམ་གཟུང་ལས།  སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཞེས་གསུངས་པ་ལྟར་རོ།།  དེ་ཡང་དགེ་འདུན་པའི་ཆེད་ལས་གཙོ་བོ་ནི་ཀློག་པ་ཐོས་བསམ་དང་།  སྤོང་བ་བསམ་གཏན།  བྱ་བ་ལས་ཀྱི་འཁོར་ལོ་སྟེ་འཁོར་ལོ་གསུམ་ཁོ་ན་ལགས་པས།  དེ་དག་མ་གཏོགས་ཁྱིམ་པ་ལས་རབ་ཏུ་བྱུང་ཟིན་པས།  ཁྱིམ་པའི་ཇུས་རྟོག་བྱེད་པར་དམ་ཆོས་འདུལ་བ་ལས་མ་གསུང་པས། གལ་སྲིད་ཁྱིམ་པའི་འདབས་དང་འབྲེལ་བའི་ལས་བྱེད་པར་བྱུང་ན་དེ་དག་དགེ་འདུན་པའི་གྲྭལ་ནས་གནས་དབྱུང་བ་ལས་གཞན་ཐབས་ཡོད་པར་མ་ལགས་སོ།།   གལ་སྲིད་དམ་ཆོས་འདུལ་བ་དང་འགལ་བའི་སྡིག་པ་ཕྲན་ཚེགས་རྣམས་ཞགས་བདུན་ཕྲག་རེའི་མཚམས་སུ་གསོ་སྦྱང་གིས་སྐབས་བཤགས་ནས་འདག་པར་བྱེད་དགོས་ལ།  འགའ་ཞིག་གིས་ཡན་ལག་གི་སྡིག་པ་བྱུང་ནའང་ལྟུང་བ་ཞག་དང་མི་འགྲོགས་པར་དེ་མ་ཐག་མཐོལ་བཤགས་དང་བཟོད་གསོལ་བྱས་ནས་འདག་པ་མཛད་པར་གྲགས་སོ།། དེས་ན་དགེ་འདུན་རྣམས་ཀྱིས་སློབ་གཉེར་འོག་འདུལ་བའི་ལུགས་ལྟར་དབྱར་གནས་དང་།  དགག་དབྱེ་གསོ་སྦྱང་སོགས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པ་ལ་ཞུགས་ནས་འབད་པར་བྱའོ།།  འབྲོག་པའི་ས་ཁུལ་སོགས་ས་གནས་འགའ་རེར་གྲྭ་བཙུན་རྣམས་ཀྱི་རྒྱུད་ལ་སོ་ཐར་གྱི་སྡོམ་རྒྱུན་ཡོད་ན་ཡང་བསྲུང་བྱ་གང་ཡིན་མི་ཤེས་པའི་རིགས་ཤིག་དང་།  སྡོམ་རྒྱུན་ཡོད་པ་དང་བསྲུང་བྱ་ཤེས་ཀྱང་སྟོན་པ་དང་བསྟན་པ་ཆེད་གསོད་ལྟ་བུའི་སྤྱོད་པ་འཆོལ་ཉོག་ཅན་གྱི་རིགས་སོགས་མང་དུ་ཡོད་པ་དང་།  གང་ཟག་འགའ་རེས་རྒྱུད་ལ་སྡོམ་པ་རྩ་བ་ནས་མེད་པ་གཞི་བཞག་ཐོག་ནང་བསྟན་ཆོས་ལུགས་རིག་གནས་ལ་ཐོས་བསམ་གྱི་དྲི་ཙམ་ཡང་མེད་པར་གྲྭ་གོས་གོན་ནས་དགོན་མཐར་འགྲིམ་པ་སོགས་མང་ཙམ་བྱུང་མྱོང་ཡོད་ལ།  དེང་སང་ཡང་དེ་འདྲའི་རིགས་འབྱུང་ངེས་པས་གལ་སྲིད་དེ་འདྲའི་རིགས་བྱུང་ན་ཆོས་སྲིད་གཉིས་ཀའི་ཐད་ལ་གནོད་ཤུགས་ཆེར་ཐེབས་ངེས་པས་དེའི་རིགས་ལ་ཅིས་ཀྱང་དོགས་ཟོན་བྱེད་དགོས་པར་ཡིན།   འདི་ལ་འགའ་ཞིག་གི་གནོད་ཤུགས་ཅི་ཐེབས་སྙམ་ན།  དེ་ཡང་བཤད་པར་བྱ་སྟེ།  ད་ལྟའི་རྒྱ་བོད་གཉིས་ཀའི་ཕྱོགས་ནས་ནང་ཆོས་ལ་དད་པའི་སྟབས་ཀྱིས་གྲྭ་གོས་གོན་ཚད་ལ་གུས་པ་དང་བཀུར་བསྟི་བྱེད་མཁན་གྱི་རིགས་ཧ་ཅང་མང་བས།  དགོན་སྡེའི་གྲྭ་པ་དེ་ཚོའི་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་དང་།  བྱམས་སྙིང་རྗེ་་བྱང་ཆུབ་ཀྱི་སེམས་སོགས་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མེད་ན།  དད་ལྡན་མང་ཚོགས་ཀྱི་སྐྱིད་སྡུག་ལ་ལྟ་བའི་ཤེས་རབ་ཀྱི་མིག་དང་བྲལ་ནས། ཤི་གསོན་གཉིས་ཀྱི་དཀའ་སྡུག་གི་ཚོར་བ་རང་ཐོག་ཏུ་ཉམས་སུ་མ་ལོན་པར་རྒྱུ་འབྲས་མེད་པའི་ལས་གཤིན་པོ་འཁྱག་ཀེ་རེ་དང་།  གསོན་པོ་ཚ་ཀེ་རེ་སོང་བའི་དཀོར་ཟས་ལ་འཛེམ་དོགས་མེད་པར་ལོངས་སུ་སྤྱོད་ནས་ཤི་གསོན་གཉིས་ལ་ཕན་ཐོགས་གང་ཡང་མེད་པར་མ་ཟད། ཡོན་བདག་གིས་ཕུལ་བའི་འབུལ་བར་ཆུད་ཟོས་སུ་ཧམ་ཐོབ་བྱས་ནས་འཁྱེར་པ་སོགས་ཀྱི་གནོད་འཚེ་ཤུགས་རྐྱེན་ཐེབས་པ་དང་།  རང་རྒྱུད་ལ་ཤི་པོའི་ལམ་སྟོན་དང་གསོན་པོའི་སྐྱབས་འཇུག་བྱེད་པའི་ཡོན་ཏན་མེད་བཞིན་ད་དུང་ཡོན་བདག་གིས་ཕུལ་བའི་དཔལ་འབྱོར་ལ་ཧམ་ཐོབ་ཀྱིས་ལོངས་སུ་སྤྱོད་པ་དེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བརྩི་བཀུར་མེད་པར་མ་ཟད།  ཁྲིམས་འགལ་ཚབ་ཆེན་གྱི་གྲས་སུ་འཇོག་འོས་པ་ལགས་སོ།།  དཀོར་ནག་པོ་སྲོག་གི་སྤུ་གྲི་དེ། །ཟོས་དྲགས་ན་ཐར་པའི་སྲོག་རྩ་གཅོད། །ཅེས་གསུངས་པ་ལྟར་རོ།།   དེ་ལྟར་ནང་བསྟན་ཆོས་ལུགས་རིག་གནས་ཀྱི་སློབ་གསོའི་རིམ་པ་རྣམས་ལེགས་པར་རྒྱུད་ནས།  རབ་ཏུ་བྱུང་ན་ནང་བསྟན་སློབ་གླིང་གང་རུང་དུ་ཞུགས་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་མདོར་ན་བཅུ་ཕྲག་རིག་པའི་གནས་ལ་ཐོས་པས་འབད་པར་བྱ་བ་དང་།  ཐོས་པ་ཙམ་གྱིས་མི་ཆོག་པར་ཐོས་དོན་བསམ་པས་སྒྲོ་འདོགས་ལེགས་པར་བཅད་པ་དང་།  སྒྲོ་འདོགས་ཆོད་པའི་དོན་རང་རྒྱུད་ལ་སྦྱོར་ནས་ཆོས་དང་རང་སེམས་གཅིག་ཏུ་མ་འབྲེས་བར་ལམ་སྒོམ་པས་ཉམས་སུ་ལེན་པ་གལ་ཆེའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1