ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 07-08


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་7པའི་ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་གཞན་དག་བཅོས་སྒྲིག་བྱེད་པའི་ལས་དོན་བཀོད་སྒྲིག་གནང་བ་དང་། གོ་རིམ་ལྡན་པའི་སྒོ་ནས་གློག་རྡུལ་ལག་ཁྱེར་བཀོལ་སྤྱོད་བྱེད་ཐབས་གཏན་འཁེལ་བྱས་ཏེ་ཚོང་རའི་བྱེད་པོའི་གསོན་ཤུགས་སྐུལ་སློང་བྱ་རྒྱུའི་གཏན་འཁེལ་གནང་ཡོད།

        གྲོས་ཚོགས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ལོ་2021ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་སྒོ་གཞན་དག སྲིད་ཇུས་གལ་ཆེན་དོན་འཁྱོལ་སོགས་ལ་རྩིས་བཤེར་བྱས་ཡོད་ཅེས་བསྟན་པ་དང་། གྲོས་ཚོགས་ཐོག གནད་དོན་དག་ཐེར་ལ་ཤུགས་སྣོན་རྒྱག་པ་དང་། ནོར་སྲིད་རང་བཞིན་གྱི་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། གྲོན་ཆུང་དང་དམངས་ཕན། སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་གནས་བབ་བརྟན་དུ་གཏོང་དགོས། གཅིག་ནས་འབྲེལ་ཡོད་ས་གནས་དང་། སྡེ་ཁག ཚན་པ་ཁག་བཅས་ཀྱིས་རྩིས་བཤེར་བྱས་པ་ལས་རྩད་ཆོད་པའི་གནད་དོན་གྱི་དོན་ཚན་རེ་རེ་བཞིན་ཇུས་གཞི་བཟོས་ཏེ་བཅོས་སྒྲིག་གང་མགྱོགས་བྱེད་པ་དང་། དུས་ཐོག་ཏུ་ཕྱིར་མིག་བལྟས་ཏེ་བཅོས་སྒྲིག་གནས་ལ་འཁེལ་བའི་འགན་ལེན་བྱེད་དགོས། རྩིས་བཤེར་དག་ཐེར་བྱ་རྒྱུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེན་པོའི་ནང་འཇུག་དགོས། དག་ཐེར་ཡོ་བསྲང་བྱས་ཚུལ་ལ་ཆེད་དོན་རྩིས་བཤེར་བྱས་ཏེ། དག་ཐེར་ཡོ་བསྲང་གཏན་ནས་མི་བྱེད་པ་དང་དག་ཐེར་ཡོ་བསྲང་སླ་བཅོས་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་དགོས། སྤྱི་ཟླ་9པའི་ཟླ་མཇུག་གོང་དུ་དག་ཐེར་ཡོ་བསྲང་བྱས་འབྲས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་འབུལ་དགོས་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུས་རྗེས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས། གཉིས་ནས་ངོ་བོ་ཧ་ཅང་ངན་པའི་རིགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ་ཕྱི་འདོམས་ཀྱི་སྤྱོད་ཚུལ་འཛིན་དགོས། གསུམ་ནས་རྩ་ལག་མཉམ་བཅོས་དང་། ལམ་ལུགས་དང་ཚད་གཞི་འཐུས་ཚང་དུ་གཏོང་བ། ཕྱི་ནང་གཉིས་ཀར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་ཁྲལ་སློག་ཁྲལ་འཕྲི་དང་གྲོན་དངུལ་གཅོག་པ་དང་། སྤྱི་ཚོགས་འགན་སྲུང་གྲོན་དངུལ་འཇལ་བའི་དུས་ཚོད་ནར་འགྱངས་གཏོང་བ། ལས་གནས་བརྟན་པོ་ཡོང་བ་བྱེད་པ་སོགས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཏེ། དཔྱ་ཁྲལ་གཡོ་ལེན་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་དགོས། དམངས་འཚོའི་མ་དངུལ་ཚད་ལྡན་དང་བདེ་འཇགས་ངང་སྤྱོད་རྒྱུར་འགན་ལེན་བྱ་དགོས། ལྔ་ནས་སྲིད་གཞུང་གིས་གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བ་སྐྱེལ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཁ་ཚ་དགོས་གཏུགས་དང་ཡིན་གཅིག་གཏོང་དགོས་པ་མ་ཡིན་པའི་གཏོང་སྒོ་ཉུང་དུ་གཏོང་བ་དང་། ཕན་འབྲས་ཆུང་བ་དང་བེད་མེད་དུ་ལུས་པའི་མ་དངུལ་གཏན་འབེབས་ལྟར་ཕྱིར་བསྡུ་བྱེད་པ། སྒྲིག་འགལ་ངང་ཐོག་ཁང་དང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་སོགས་སྐྲུན་རིགས་གཏན་འགོག་བྱས་ཏེ། མ་དངུལ་དེ་བས་མང་བ་ཁྲོམ་རའི་བྱེད་པོའི་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་གྱི་ཐད་སྤྱོད་དགོས་པའི་བླང་བྱ་བཏོན་ཡོད།

        གྲོས་ཚོགས་ཐོག དཔལ་འབྱོར་གནས་བབ་བརྟན་དུ་གཏོང་བར་སྤྱི་ཁོག་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་དགོས་ལ་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བ་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་དང་ཞབས་ཞུའི་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བརྒྱུད་རིམ་ནང་། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་དང་དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ་ཟུང་དུ་འབྲེལ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། དེའི་དམིགས་ཡུལ་ནི་ཁྲོམ་རའི་བྱེད་པོའི་ལས་གཏོད་དང་གོང་འཕེལ་གྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཆ་འཕྲིན་སྤྱི་ཚོགས་གོང་འཕེལ་དང་སྲིད་དོན་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་རྒྱུའི་དགོས་མཁོ་དང་འཚམ་ཆེད་ཡིན། ཆ་འཕྲིན་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་གོ་རིམ་ལྡན་པའི་ངང་གློག་རྡུལ་ལག་ཁྱེར་སྤྱོད་རྒྱ་ཆེ་རུ་གཏོང་དགོས། གློག་རྡུལ་ལས་གཉེར་ལག་ཁྱེར་ལ་ལོ་མང་རིང་གི་ཉེར་སྤྱོད་ལག་ལེན་ཡོད་པས། བཀོལ་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད་པ་དེས་ཚོང་རའི་ཉོ་ཚོང་ལ་ཕན་ཐོགས་ཡོད་པ་དང་། ཚོང་རའི་བྱེད་པོའི་གསོན་ཤུགས་སྐུལ་སློང་བྱེད་པར་ཕན་ཐོགས་ཡོད་པ། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོད། གློག་རྡུལ་ལས་གཉེར་ལག་ཁྱེར་ཚོང་རར་ཞུགས་འཐུས་དང་། དཔྱ་ཁྲལ་འཇལ་བ། དངུལ་རྩ་སོགས་མཐོ་ཟློས་ཞབས་ཞུའི་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། གློག་རྡུལ་ཐེལ་ཙེ་དུས་གཅིག་ཏུ་སྤྲོད་རྒྱུར་སྐུལ་འདེད་གཏོང་དགོས། སྡེ་ཁག་དང་ས་གནས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གློག་རྡུལ་ལས་གཉེར་ལག་ཁྱེར་སོགས་ཕན་ཚུན་ཁས་ལེན་བྱེད་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད། གྲོས་ཚོགས་ཐོག ཆ་འཕྲིན་བདེ་འཇགས་བརྟན་པོ་སྲུང་དགོས། བདེ་འཇགས་དོ་དམ་གྱི་གཏན་འབེབས་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་འགོག་སྲུང་གི་ནུས་པ་ཆེ་རུ་གཏོང་བ། མི་སྒེར་གྱི་ཆ་འཕྲིན་དང་། སྒེར་དོན། ཁེ་ལས་ཀྱི་ཚོང་ལས་གསང་བ་བཅས་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས། སྒྲིག་འགལ་ངང་ཆ་འཕྲིན་སྤྱོད་པ་དང་ཆ་འཕྲིན་གང་བྱུང་དུ་སྤྱོད་པ་སོགས་མི་སྒེར་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་རིགས་ཁག་གི་བྱེད་སྤྱོད་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1