ཝང་ཞའོ་ཧུའེ་ཡིས་རྔ་བ་ཁུལ་དུ་རྟོག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-08



ཝང་ཞའོ་ཧུའེ་ཡིས་རྔ་བ་ཁུལ་དུ་རྟོག་ཞིབ་གནང་བ་སྐབས།  

    མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་དགོས་ཞེས་བསྟན།  

  

    སྤྱི་ཟླ་7ཚེས་5ཉིན་ནས་ཚེས་6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་རྔ་བ་ཁུལ་དུ་རྟོག་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ནས་ཕན་འབྲས་ཆེ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས།  འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱ་དགོས་ཞེས་ནན་གྱིས་བསྟན།  

  

      ཟླ་6པའི་ཚེས་10ཉིན་འབར་ཁམས་ལ་ས་ཡོམ་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོང་ཆེན་ཚད་མཐོན་པོ་དང་མཛུབ་སྟོན་གལ་ཆེན་གནང་སྟེ། ནུས་ཤུགས་ཡོད་རྒུས་ཉེན་ཁ་ལས་མྱུར་སྐྱོབ་དང་གནོད་འཚེ་སེལ་བ་དང་། ཞོར་བྱུང་གནོད་འཚེ་ལ་སྔོན་འགོག་བྱེད་པ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པ། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ཡག་པོར་བསྒྲུབ་པ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན། ཝང་ཞའོ་ཧུའེ་ས་འགུལ་གྱི་ལྟེ་གནས་ས་ཁུལ་སྟེ་ཚོ་བདུན་ཡུལ་ཚོ་སྣར་འདུས་སྡེ་བར་ཕེབས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་སེམས་ཁྲལ་དང་ཐུགས་ཁུར་བརྒྱུད་བསྒྲགས་བྱས་པ་དང་ཡུལ་དངོས་ནས་སྡོད་ཁང་ལ་གནོད་འཚེ་ཕོག་པ་དང་། གཞུང་ལམ་ལ་གཏོར་སྐྱོན་བྱུང་བ། རི་ཉིལ་བ། ཞོར་བྱུང་གནོད་འཚེ་ལ་འགོག་བཅོས་བྱས་ཚུལ་བཅས་ལ་ལྟ་ཞིབ་བྱས་ནས། དུས་མགོའི་ལས་དོན་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་མིག་སྔར་ཆུ་འབྲུབ་པའི་དུས་ཡིན་པས་གནོད་འཚེ་ཁུལ་དུ་ཆུ་ལོག་བྱུང་བ་དང་། འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ཀྱི་ཞོར་བྱུང་གནོད་འཚེ་ཐོན་སླ་བས། འཕྲལ་སྡོམ་གྲ་སྒྲིག་ལས་དོན་སྣ་ཚོགས་གྲ་སྒྲིག་ལེགས་པོ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ། མི་མངོན་པའི་རྐྱེན་ངན་བྱུང་སར་ཕྱོགས་བསྡུས་འགོག་བཅོས་བྱ་རྒྱུར་ཤུགས་སྣོན་བྱས་ཏེ། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་གསར་པ་འབྱུང་བར་སྔོན་འགོག་བྱ་དགོས་ཞེས་གསུངས། གྲོང་ཚོ་ནས་ཁ་བྲལ་རྗེས་ཝང་ཞའོ་ཧུའེ་གྲོང་ཚོ་དང་བར་ཐག་སྤྱི་ལེ་22ཡོད་པའི་གཅིག་སྡུད་བར་བརྒལ་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ཏེ། གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། ཚང་མས་ཡིད་ཆེས་བརྟན་པོ་བྱས་ནས་ཏང་ཨུ་དང་སྲིད་གཞུང་གི་རོགས་རམ་འོག རང་གི་འབད་པ་ལ་བརྟེན་ནས་མཛེས་སྡུག་གི་ཁྱིམ་གཞིས་བསྐྱར་སྐྲུན་བྱ་རྒྱུའི་སྐུལ་མ་གནང་། 

  

    ཝང་ཞའོ་ཧུའེ་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་རྔ་པའི་ཡན་ལག་སློབ་གླིང་དུ་རྟོག་ཞིབ་གནང་བར་ཕེབས་ཏེ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་རྒྱ་ཡིག་པར་གཞི་དང་བོད་ཡིག་པར་མ་གནང་བ་དང་། ཁོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏང་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་རྣམས་ལ་རྒྱལ་གཅེས་ཆོས་གཅེས་དང་། འདུལ་འཛིན་ཁྲིམས་སྲུང་། ཐོས་བསམ་སློབ་གཉེར་ལ་འབད་པར་སྣེ་ཁྲིད་བྱ་དགོས་ཞེས་ནན་གྱིས་གསུངས། 

        

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1