བོད་ལྗོངས་ཀྱིས་ནགས་དཔོན་ལམ་ལུགས་ཀྱི་མ་ལག་བཙུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-11



  

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་བཟོ་པ་ཚོས་སྡོང་ཕྲུག་དབོར་འདྲེན་བྱེད་བཞིན་པ། 

         ཟླ7པའི་ཚེས6ཉིན་བོད་རང་སྐྱོང་ལྗོངས་ཀྱིས་ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཡོངས་བསྒྲགས་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ལྔའི་ནགས་དཔོན་ལམ་ལུགས་ཀྱི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཟིན། 

         2020ལོའི་ཟླ12པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ། རྒྱལ་ཡོངས་སུ་ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་གཏན་འཁེལ་བྱས་པ་རེད། 

        “བོད་ལྗོངས་ནི་མཚོ་བོད་མཐོ་སྒང་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། འཛམ་གླིང་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག གོ་ལའི་གླིང་སྣེ་གསུམ་པ་བཅས་ཀྱི་ལྟེ་བའི་ཁུལ་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན། བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ལིའུ་ཞུའེ་ཆིང་གིས། 2022ལོའི་ཟླ5པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་རིམ་ལྔའི་ནགས་དཔོན་ལམ་ལུགས་ཀྱི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཟིན་པ་དང་། ཁྱོན་བསྡོམས་ནགས་དཔོན35185བཙུགས་པའི་ནང་རྫོང་རིམ་པའི་ནགས་དཔོན2381དང་། ཞང་གྲོང་རིམ་པའི་ནགས་དཔོན6819དང་། གྲོང་ཚོ་རིམ་པའི་ནགས་དཔོན25613བཅས་ཡོད”ཅེས་མཚམས་སྦྱོར་བྱས། 

  

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་བཟོ་པ་ཚོས་དྲེལ་ལ་བརྟེན་ནས་སྡོང་ཕྲུག་དབོར་འདྲེན་བྱེད་བཞིན་པ། 

         ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་ནགས་དཔོན་གྱི་ལས་ཀའི་ལམ་ལུགས་ཁག་རགས་ཙམ་བཙུགས་ཡོད། 2021ལོའི་ཟླ11པར་བོད་རང་སྐྱོང་ལྗོངས་ནགས་དཔོན་གཞུང་དོན་ཁང་གིས《བོད་རང་སྐྱོང་ལྗོངས་ནགས་དཔོན་ལས་དོན་གྱི་ལྟ་ཞིབ་ལམ་ལུགས》སོགས་ལམ་ལུགས་ཁག4པར་འགྲེམས་བྱས་པ་རེད།  2022ལོའི་ཟླ5པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ནགས་དཔོན་གྱིས་འགན་གཙང་ལེན་པའི་འགན་འཁྲིའི་ས་ཁོངས་གཞི་རྩའི་ཆ་ནས་དབྱེ་འབྱེད་གཏན་འཁེལ་བྱས་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ས་ཁོངས་ཡོངས་སུ་ཁྱབ་པ་དང་འབྱུང་རྩ་ནས་དོ་དམ་བྱེད་པའི་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་རགས་ཙམ་ཆགས་ཡོད། 

         ཁོང་གིས་ནགས་དཔོན་ལམ་ལུགས་དམ་པོར་འཛིན་པ་དང“ནགས་དཔོན་ལམ་ལུགས”ལ་བརྟེན་ནས“ནགས་དཔོན་བཅོས་སྐྱོང”ལ་སྐུལ་འདེད་བཏང་སྟེ། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དང་ནགས་ཚལ་ལྟ་ཞིབ་བཅོས་སྒྲིག་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལྷ་སའི་ལྷོ་བྱང་རི་བོར་སྔོ་འགྱུར་བྱ་རྒྱུ་དེ་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཁུལ9ཡི་ཞང་གྲོང35དང་འབྲེལ་བ་ཡོད་པ་དང་། འཆར་འགོད་དུས་ཡུན་ནི2021ལོ་ནས2030ལོ་བར་ཁྱོན་བསྡོམས་ལོ10ཡིན་ཞིང་། 2030ལོར་སླེབས་སྐབས་ནགས་བཟོ་མུའུ་ཁྲི206.7ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། 2022ལོར་ནགས་བཟོ་མུའུ་ཁྲི22.5ལེགས་སྒྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། 2022ལོའི་ཟླ6པའི་ཟླ་དཀྱིལ་བར་རིམ་རྩིས་བྱས་ན་སྡོང་ཕྲུག་ཁྲི1000ལྷག་ཙམ་བཏབ་པ་དང་ཞིང་ཁའི་མདོང་ལམ་སྨི་ཁྲི280བཏིང་བ་རེད། ས་འོག་གི་ཆུ་འདྲེན་སྒྲིག་བཀོད་འཛུགས་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་ཅེས་བཤད། 

         ལིའུ་ཞུའེ་ཆིང་གིས། རྗེས་ཕྱོགས་བོད་ལྗོངས་ཀྱིས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནགས་དཔོན་ལམ་ལུགས་ཀྱི་ལས་ཀའི་སྒྲིག་གཞི་དང་དེ་བཞིན་ཆེད་འགན་འཁུར་མཁན་བརྩོན་ལེན་ཧུར་ཐག་བྱས་པ་དང་། ནགས་དཔོན་ལམ་ལུགས་ཀྱི་ལས་ཀའི་ལམ་སྲོལ་གསར་གཏོད་དང་སྡེ་ཚན་དབར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“ནགས་དཔོན+ཞིབ་དཔྱོད་དཔོན+ཉེན་རྟོག་དཔོན”སོགས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ། “བོད་རང་སྐྱོང་ལྗོངས་ཀྱི་ནགས་དཔོན་ལམ་ལུགས་ཀྱི་རིག་ལྡན་དོ་དམ་ལས་སྟེགས”འཛུགས་རྒྱུར་ཇུས་འགོད་དང་སྐུལ་འདེད་བཏང་ནས“རིག་ལྡན་ནགས་དཔོན”ལ་བརྟེན་ནས་ནགས་ཚལ་དང་རྩྭ་ཐང་གི་དོ་དམ་ནུས་པ་ཆེ་རུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1