དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་མུ་མཐུད་འཁྲུག་ཆ་ཆེ་རུ་ཕྱིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-11


         

        “དེ་རིང་ནས་བཟུང་འཕྲིན་གཏོང་འགྲུལ་སྐྱོད་བྱང་བུ”སྐར་ཅན་མཚོན་རྟགས་མེད་པར་བཟོ་རྒྱུ་རེད། སྤྱི་ཟླ6པའི་ཚེས29ཉིན་གྱི་ཕྱི་དྲོར་བཟོ་འཕྲིན་པུའུའི་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་དང་ལྷག་པར་དུ་དབྱར་གསེང་ཡུལ་སྐོར་ཁྲོམ་རར་སྤྲོ་འཕེལ་ཤིན་ཏུ་ཆེན་པོ་བྱུང་ཡོད། རྒྱལ་ནང་གི་དྲྭ་ཐོག་ཡུལ་སྐོར་ཞབས་ཞུའི་ལས་སྟེགས་མང་པོ་ཞིག་གི་གྲངས་གཞི་ལས་མངོན་པར་གཞིགས་ན། འབྲེལ་ཡོད་གནམ་གྲུའི་འཛིན་དང་མགྲོན་ཁང་གི་འཛིན། མེ་འཁོར་གྱི་འཛིན་བཅས་བྲིན་ཚད་ཆེས་ཆེར་འཕར་ཡོད་པ་རེད། 

        སྤྱི་ཟླ6པའི་ཚེས30ཉིན་ལ། དཀར་མཛེས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དེ་འདབ་པ་རྫོང་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུའི་ཐོག་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གང་མགྱོགས་བསྐྲུན་ཏེ་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་གསུང་གནང་བས་མ་ཚད། དེ་རྗེས་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུའི་ཐོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཤེས་བྱ་བརྒྱ་ཐོས་པ་ལས་ཡུལ་སྐོར་ཐེངས་གཅིག་མྱོང་ན་དགའ། གནས་མཆོག་དཀར་མཛེས་ཁུལ་དུ་ཡུལ་སྐོར་ཕེབས་པར་དགའ་བསུ་ཞུ་ཞེས་གཙོ་དོན་བྱས་ནས་རྒྱ་ཆེ་བའི་ཡུལ་སྐོར་བ་དང་གྲོགས་པོ་ཚོར་དཀར་མཛེས་ཁུལ་དུ་ཡུལ་སྐོར་ཡོང་རྒྱུར་གདན་དྲངས་པ་རེད།

        གོང་གསལ་གྱི་གནས་ཚུལ་དེ་གཉིས་ཀྱི་འོག་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་དང་གྲོགས་པོ་ཚོ་གཅིག་རྗེས་གཉིས་མཐུད་ངང་རང་ཁུལ་དུ་འོངས་ནས་དཀར་མཛེས་ཁུལ་གྱི་དབྱར་དུས་མཛེས་ལྗོངས་ལ་ལོངས་སྤྱོད་བྱེད་བཞིན་མཆིས། སྤྱི་ཟླ7པའི་ཚེས5ཉིན་རྒྱལ་ལམ318པའི་ལམ་རྒྱུད་ཀྱི་མི་རྒོད་མཚོ་དང་རྒྱུ་ལ་སོགས་ལ་རླངས་འཁོར་མང་པོ་ཡོད་པ་གསར་འགོད་པའི་མིག་ལམ་དུ་མཐོང་བྱུང་།

        ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ཟླ7པའི་ཚེས1ནས་སྤྱི་ཟླ7པའི་ཚེས5ཉིན་བར་རང་ཁུལ་གྱིAརིམ་པའི་ལྗོངས་ཁུལ་གཙོ་བོ14ཡིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་ཁྲི8.33ལ་སྣེ་ལེན་ཞུས་པ་རེད། གླེང་རིན་ཡོད་པ་ཞིག་ལ་དཀར་མཛེས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྲ་སྒྲིག་བྱེད་སྐབས་སུ་རང་ཁུལ་གྱིAརིམ་པའི་ལྗོངས་ཁུལ14ཡིས་ཡུལ་སྐོར་བ་ཁྲི4.65ལ་སྣེ་ལེན་ཞུས་པ་དང་། ཚོགས་ཆེན་འཚོག་རིང་། རང་ཁུལ་གྱིAརིམ་པའི་ལྗོངས་ཁུལ14ཡིས་ཡུལ་སྐོར་བ་ཁྲི6.26ལ་སྣེ་ལེན་ཞུས་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ36.24འཕར་ཡོད།

        མི་རྒོད་མཚོ་ལྗོངས་ཁུལ་གྱི་ལས་དོན་མི་སྣ་མཱ་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཟླ7པའི་ཚེས1ཉིན་ནས་བཟུང་ལྗོངས་ཁུལ་དུ་ཡུལ་སྐོར་ཡོང་མཁན་ཇེ་མང་དུ་འགྲོ་གི་ཡོད། དབྱར་གསེང་ཡུལ་སྐོར་གྱི་དུས་ཚོད་ཡག་ཤོས་འཆར་ཉེར་ཡོད་པས་སྔོན་དཔག་བྱས་ན་སླད་ཕྱིན་ལྗོངས་ཁུལ་དུ་ཡུལ་སྐོར་དུ་ཡོང་མཁན་སྔར་བས་མང་དུ་འགྲོ་རྒྱུ་རེད།

        རྒྱ་ཆེ་བའི་ཡུལ་སྐོར་བ་ཚོ་དཀར་མཛེས་ཁུལ་དུ་ཡུལ་སྐོར་བྱེད་པར་སྟབས་བདེར་ཡོང་ཆེད། རང་ཁུལ་གྱིས་ད་དུང་ལྟ་སྐྱོང་གི“ལག་རྟགས་ཆེན་པོ”དང་ཡུལ་སྐོར་ལམ་ཐིག་སྤུས་དག་ཁག་ཅིག་བཏོན་ཡོད། ཡུལ་སྐོར་བ་ཚོས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་འཕྲིན་ཕྲན་སྤྱི་ཨང་དང་ཡང་ན་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་གཞུང་ཕྱོགས་དཔོད་ཆུང་ནས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱེད་ཆོག་གི་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1