མཚོ་སྔོན་པོ་སྐོར་བའི་རྐང་འཁོར་འགྲན་བསྡུར་སྤེལ་གྲབས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 07-13



    སྤྱི་ཟླ་7པའི་ཚེས་7ཉིན།“ཐེན་ཡིའུ་ཏེ་བུམ་པའི”སྤྱི་ལོ་2022ལོའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉི་ཤུ་རྩ་གཅིག་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་འཚོགས།

 

    སྐབས་འདིའི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་དེ་སྤྱི་ཟླ་7པའི་ཚེས་26ཉིན་ནས་སྤྱི་ཟླ་8པའི་ཚེས་3ཉིན་བར་མཚོ་སྔོན་ཞིང་ཆེན་ས་ཁོངས་སུ་གཉེར་རྒྱུ་རེད། འགྲན་བསྡུར་གྱི་ལམ་ཐག་ཧྲིལ་པོར་ཁྱོན་འགྲན་བསྡུར་ལམ་དུམ་བུ་8ཡོད་པ་དང་། ལམ་བར་དུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་བརྒྱུད་དགོས་ཀྱི་ཡོད། སྤྱིའི་ལམ་ཐག་ལ་སྤྱི་ལེ་1488ཙམ་ཟིན་པའི་ནང་འགྲན་བསྡུར་གྱི་ལམ་ཐག་ལ་སྤྱི་ལེ་1105ཙམ་དང་ལམ་དུམ་བུ་བརྗེ་བའི་ལམ་ཐག་ལ་སྤྱི་ལེ་383ཙམ་ཡོད། འགྲན་བསྡུར་ལམ་དུམ་བུའི་ནང་བདེ་ལམ་དང་རི་མ་ཐང་། རྫ་རི་སོགས་ཀྱི་ས་དབྱིབས་མང་པོ་ཡོད་པས། འགྲན་བསྡུར་ལ་མྱོང་རོལ་རང་བཞིན་དང་སྤྲོ་སྣང་རང་བཞིན་སྔར་བས་ཆེན་པོ་ལྡན་ཡོད།

 

    སྐབས་དེ་དུས་རྒྱལ་ཡོངས་ཀྱི་རུ་ཁག་21ནས་ཡོང་བའི་ལུས་རྩལ་པ་147གྱིས་འགྲན་བསྡུར་བྱ་རྒྱུ་དང་། དེ་དག་ཁྲོད་གླིང་སྐྱོད་རུ་ཁག་8དང་ཞིང་ཆེན་རུ་ཁག་13ཡོད་པ་རེད།

    འགྲན་བསྡུར་བྱེད་རིང་ད་དུང་ཟི་ལིང་དུ་དུས་ཡུན་ཉིན་གསུམ་གྱི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་གྱི་བྱེད་སྒོ་སྣ་མང་གཉེར་རྒྱུ་སྟེ། རིག་རྩལ་འཁྲབ་སྟོན་དང་། འགྲན་བསྡུར་རིག་གནས་ཁྱབ་གདལ། མཉམ་འགུལ་རོལ་རྩེད་མྱོང་རོལ། ཡིད་མཐུན་རོགས་སྐྱོར་ཚོང་པའི་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1