༄༅། །བཞོན་མའི་བཞོ་བཤད།

རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-18


           མ་ཡུམ་འགོག་བཟའ་ལྷ་མོའི་འབྲི་མོ་བཞོ་དབྱངས་བཞུགས། ཨེ་འོ་འོ་འོ་་་་་། ཨེའོ། །ཀླུ་མི་མགོན་དཀར་པོས་མགོན་རྒྱུ་མ། །ལྷ་ཡེ་ཤེས་མགོན་པོས་གཟིགས་རྒྱུ་མ། །ནོར་ལྷ་གསེར་འོད་ཀྱིས་བསྐྱབ་རྒྱུ་མ། །ལྷ་མོ་ནོར་རྒྱུན་མས་འཚོ་རྒྱུ་མ། །ཨེ་འོ་འོ་འོོ། ཨེའོ། །ཀླུ་ཟོག་འབྲི་མོ་གཡང་གིས་བསྲུངས། །ལྷ་ཨོ་རྒྱན་པདྨའི་གཏེར་ཟོག་ཡིན། །ཕ་གཙུག་ན་རིན་ཆེན་གནང་ལེ་ཡིན། །འགོག་བཟའ་ལྷ་མོའི་འབྲི་སྐལ་ཡིན། །ཨེ་འོ་འོ་འོོ་་་་་་་། ཨེའོ། །གཡས་ལ་མ་འཕགས་བཞོ་མ་སྣད་ཡོང་། །བཞོ་མ་རང་གི་བདག་མོ་ཡིན། །གཡོན་ལ་མ་འཕགས་བེའུ་ཕྲུག་སྣད་ཡོང་། །བེའུ་ཕྲུག་རང་གི་རྒྱུད་པ་ཡིན། །ཨེ་འོ་འོ་འོ་་་་་་། ཨེའོ། །བཞོ་ཐག་མ་གཅོད་དར་ཐག་རེད། །དར་ཐག་བཅད་ན་མདུད་ལུགས་མེད། །བཞོ་ཟོ་མ་གཅོག་གསེར་ཟོ་རེད། །གསེར་ཟོ་བཅག་ན་འཛེར་ཐབས་མེད། །ཨེ་འོ་འོ་འོ་་་་་་། ཨེའོ། །བཏགས་ན་འབྲི་བརྒྱའི་རྡང་མགོ་མ། །ཐུལ་མ་བརྒྱ་ཡི་ཐུལ་དཔོན་མ། །མངགས་ན་འགོག་གཞུང་གཟན་མགོ་མ། །འབྲི་མོ་བརྒྱ་ཡི་འབྲི་དཔོན་མ། །ཨེ་འོ་འོ་འོ་་་་་་། ཨེའོ། །སྐྱིད་ལྷང་ལྷང་ཁུ་བྱུག་གྲགས་དུས། །བརྒྱ་ཡར་འགྲོའི་ནང་ནས་བེའུ་ཁྲིད་ཤར་རེ། །སྨུག་ལྷང་ལྷང་ཅོ་ཀ་འགྱུར་དུས། །སྟོང་ཕྱིར་ཡོང་ནང་ནས་བེའུ་ཁྲིད་ཤར་རེ། །ཨེ་འོ་འོ་འོ་་་་་་། ཨེའོ། །བཏགས་ན་རྡང་གང་འབྲི་མོའི་གཡང་། །མངགས་ན་རི་གང་ནོར་ལྷའི་གཙོ། །བཞོས་ན་ཟོ་གང་འོ་མའི་གཏེར། །ཀླུ་ཟོག་འབྲི་མོ་གཡང་གི་ར། །ཨེ་འོ་འོ་འོ་་་་་་། ཨེའོ། །བཞོ་མ་བཟང་མོའི་སྐད་དང་གཅིག །འབྲི་མོ་བཟང་མོའི་སྐད་དང་གཉིས། །བེའུ་ཕྲུག་བཟང་པོའི་སྐད་དང་གསུམ། །སྐད་གསུམ་འཛོམས་ཡུན་རིང་བར་ཤོག །ཨེ་འོ་འོ་འོ་་་་་། ཨེའོ། །འོག་ཡུལ་ས་བཅུད་འཕེལ་བར་ཤོག །འབྲི་མོའི་ཤ་ཤེད་རྒྱས་པར་ཤོག །དཀར་གསུམ་མཚོ་མོ་འཁྱིལ་བར་ཤོག །སྣོད་བཅུད་དར་ཞིང་རྒྱས་པར་ཤོག །ཨེ་འོ་འོ་འོ་་་་་། ཨེའོ། །ཞེས་འགོག་ཡུལ་ན་བཤད་སྲོལ་ཡོད་པའི་འགོག་བཟའ་ལྷ་མོའི་འབྲི་མོའི་བཞོ་གླུའོ། ། 

           ༄༅། །སྟག་རོང་ཚང་གི་སྦྲ་བཤད་བཞུགས། ཕོ་དགྲ་ལྷའི་གདུང་རྒྱུད་དུང་སྐྱོང་མཆོད། །མགོན་དགྲ་ལྷ་ཝེར་མ་བཅུ་གསུམ་མཆོད། །ཡར་ལྟོས་དང་ལྟད་མོ་འདི་འདྲ་གདའ། །གངས་རྒྱབ་རི་པོ་སྟི་བརྩེགས་པའི་མདུན། །སྡེ་འབྲོག་པ་ལྷ་ཡུལ་འཕོས་པ་འདྲ། །ས་སྐྱིད་པོ་ཡིད་ལྷུང་ཁམས་མདོ་ན། །བུ་སྐྱེས་བུ་སྣང་ངུ་ཨ་དཔལ་འཁྲུངས། །སྤང་དཀར་པོ་རྩི་ཐོག་རྒྱས་པའི་ས། །རྟ་ནོར་ལུག་འཕེལ་ཁ་དར་ས་ཡིན། །དུས་དབྱར་དགུན་མཚན་ཉིད་ཚང་ས་རེད། །སྨན་འབྲུག་མོ་ལྷ་ཡི་སྨིན་ལེགས་མ། །དགུན་འབྲིང་པོའི་ཉི་ཤུ་གསུམ་ལ་འཁྲུངས། །དགུང་ཨ་སྔོན་གནམ་ནས་གཡུ་འབྲུག་གྲགས། །ཕུ་དཀར་ཡག་གངས་ནས་སེང་གེ་འགྱིང་། །མར་ནར་མ་གཞུང་ནས་རྐྱང་ཞིག་འདྲོགས། །ཁོང་སེང་ལྕམ་འབྲུག་མོ་དེ་ནས་ཐོགས། །འདི་ལྷ་ཀླུ་གཉན་གྱིས་སྦྲ་རེ་ཕུབ། །གཡང་ལྷ་གཡག་བརྒྱ་ཡི་དཔུང་རྩིད་གཅིག །འབྲི་ཐུལ་མ་བརྒྱ་ཡི་གློ་རྩིད་གཉིས། །གླང་རོག་པོའི་བྲང་ཁའི་སྙིང་རྩིད་གསུམ ། །ཕྱུགས་ཟོག་གནག་བརྒྱ་ཡི་རྩིད་པ་བཅས། །སྦྲ་འཁེལ་མི་ལྷ་མོ་སྟོང་གིས་བཀལ། །ཁོག་འཇུར་བུ་ལན་གཅིག་ཤོར་མ་མྱོང་། །སྦྲ་འཐག་མི་ཀླུ་མོ་སྟོང་གིས་འཐག །ཡ་སྐུད་ནོར་ལན་གཅིག་ཤོར་མྱོང་མེད། །སྦྲ་དྲུབ་མི་གཉན་རིགས་སྟོང་གིས་དྲུབས། །ཁབ་སྐུད་པའི་ཡོར་བ་ཤོར་མྱོང་མེད། །སྦྲ་ཕུག་ཆོན་རྒྱ་ནག་ཡུལ་ལ་འཐེན། །དེའི་སྒོ་ཆོན་རྒྱ་ནག་མཐིལ་ལ་ཡོད། །དེའི་ཆོན་ཆེན་རི་ཆེན་རྩེ་ལ་བཏབ། །དེའི་ཆོན་ཆུང་རི་ཆུང་མགོ་ལ་འཐེན། །དེས་མི་ཚད་དར་གྱི་ཆོན་ཐག་བཅིངས། །ཀ་མི་རྟ་གཟི་ཡི་ཆར་ཆུང་བསྒྲིགས། །ཡར་མི་འབུད་སེང་ལྡེང་ཕུར་པ་འདེབས། །ཆག་མི་འགྲོ་གསེར་གྱི་ཀ་རས་བཏེགས། །སྦྲའི་ཀ་རྟིང་ལུ་གུའི་རྩེ་ར་གདའ། །ཡར་ཀ་ཁ་སེང་ཁ་གདང་འདྲ་ཡོད། །སྦྲ་འཐེན་མི་དཔའ་བོའི་ལྷ་དམག་ཡིན། །སྦྲའི་ཡ་ཕུག་ཆོས་ཀྱི་དར་ཆེན་འཕྱར། །སྦྲ་མ་ཕུག་རྒྱ་ནག་ཁྲིམས་དར་བསྒྲེངས། །སྦྲའི་སྐེད་པ་ཉི་ཟླ་ཁ་སྤྲོད་དང་། །སྦྲའི་མཐའ་སྐོར་བ་དན་མཛེས་པ་གདའ། །བུ་སྐྱེས་བུའི་ཁྱིམ་ལ་འཛོམས་ལེ་ཡོད། །སྦྲ་ཡར་ནང་བླ་མའི་གྲལ་ཞིག་གདའ། །མགོ་ཞྭ་དཀར་ཅན་གྱི་གྲལ་མགོ་ན། །རྗེ་ཨོ་རྒྱན་པདྨའི་སྤྲུལ་པ་བཞུགས། །སྦྲ་བར་སྐེད་གཞོན་ནུའི་གྲལ་ཞིག་གདའ། །མགོ་རྨོག་དཀར་ཅན་གྱི་གྲལ་མགོ་ན། །གླིང་ཆེ་རྒྱུད་སྟག་རོང་གཟིག་འཕན་བཞུགས། །ཡང་དེ་ནས་མ་སྲུའི་གྲལ་ཞིག་བསྒྲིགས། །མགོ་གཡུ་བྱུར་ཅན་གྱི་གྲལ་མགོ་ན། །སྨན་ཨ་འབྲུག་མཛེས་མ་དེ་ན་བཞུགས། །ཡང་ཇ་ཆང་འོ་མའི་བཏུང་བ་མཆོག །དེ་ཡིད་ཆུ་བབས་འདྲ་འཛད་པ་མེད། །འདི་ཤ་མར་ཐུད་དང་དཀར་མངར་ཟས། །འདི་རྫ་རྡོ་བཞིན་དུ་དྲངས་ནས་ཤོག །གླིང་སྐྱེས་བུའི་ཁྱིམ་ལ་འཛོམས་ནས་གདའ། །གླིང་ཁྲིམས་རྔ་གསལ་བའི་འོད་ལྡན་གཅིག །གླིང་དུང་ཆེན་དཀར་མོ་རྒྱང་གྲགས་གཉིས། །གླིང་སིལ་སྙན་དཀར་མོ་འབྲུག་གྲགས་གསུམ། །གླིང་ཕ་ཆོས་དུམ་པ་བཅུ་གཉིས་བཞི། །གླིང་གནམ་སར་སྦྲགས་པའི་འཁོར་ལོ་ལྔ། །གླིང་བྱུ་རུ་རྒྱལ་མོ་ལག་ཡ་དྲུག །གླིང་དགྲ་བཞི་གཅོད་པའི་ལེབ་ཆེན་བདུན། །གླིང་རྨ་རྒྱལ་གཏེར་ཟོག་ནོར་བུ་བརྒྱད། །གླིང་སྐྱེས་བུའི་ཁྱིམ་ལ་འཛོམས་ལེ་རེད། །ངས་ཁ་སྨོན་མ་ཡིན་དོན་སྨོན་ཡིན། །གང་བསྟོད་པའི་བསམ་དོན་འགྲུབ་པར་ཤོག །ཅེས་མདོ་ཁམས་ཡིད་ལྷུང་གི་ས་ཆ་ན་བཤད་སྲོལ་ཡོད་པ འི་སྟག་རོང་ཚང་གི་སྦྲ་བཤད་དོ། །


རྩོམ་ཡིག་སྔོན་མ།
༄༅། །བོད་པའི་རྒྱུན་ཟས་ཞིག
རྩོམ་ཡིག་རྗེས་མ།
༄༅།། བརྩོན་འགྲུས་རབ་རྒྱས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1