སྔོན་དཔག་བྱས་ན་འཛམ་གླིང་གི་མི་འབོར་དུང་ཕྱུར་80ལས་བརྒལ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-13



 

    ཟླ་7ཚེས་11ཉིན་ནི་འཛམ་གླིང་གི་མི་འབོར་ཉིན་མོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི《འཛམ་གླིང་མི་འབོར་གྱི་2022ལོའི་རྒྱང་ལྟ་》ཞེས་པའི་སྙན་ཞུ་ལས་འཛམ་གླིང་གི་མི་འབོར་སྔོན་དཔག་བྱས་ན་ད་ལོའི་ཟླ་11ཚེས་15ཉིན་དུང་ཕྱུར་80ལས་བརྒལ་རྒྱུ་ཡིན་པ་མངོན་ཡོད། 

   མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་དཔག་གསར་ཤོས་ལ་གཞིགས་ན། འཛམ་གླིང་གི་མི་འབོར་2030ལོ་དང་2050ལོར་སོ་སོར་དུང་ཕྱུར་85དང་དུང་ཕྱུར་97ཙམ་བར་འཕར་ནས། དུས་རབས་འདིའི་ལོ་རབས་80པར་དུང་ཕྱུར་104ཡི་མཐོ་ཤོས་སུ་སླེབས་རྒྱུ་དང་འབྲེལ་དུས་རབས་འདི་མཇུག་མ་འགྲིལ་གོང་ཆུ་ཚད་དེ་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ་རེད།    

   སྙན་ཞུའི་ནང་། རྒྱལ་ཁབ་མང་པོ་ཞིག་གི་ཕྲུ་གུ་སྐྱེ་ཚད་ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་ནང་མངོན་གསལ་དོད་པོས་མར་ཆག་པ་དང་། འཛམ་གླིང་གི་མི་འབོར་འཕར་ཚད་2020ལོར་1%མན་ཆད་ཆག་པ་དེ་1950ལོ་ནས་བཟུང་ཐེངས་དང་པོ་ཡིན་ཞེས་འཁོད་ཡོད། སྔོན་དཔག་བྱས་ན་2022ལོ་ནས་2050ལོའི་བར་རྒྱལ་ཁབ་དང་ས་ཁུལ་61གི་མི་འབོར་1%གམ་ཡང་ན་དེ་ལས་མང་བ་ཉུང་དུ་འགྲོ་རྒྱུ་རེད། དུས་སྐབས་དེའི་ནང་། གོ་ལ་ཧྲིལ་པོའི་མི་འབོར་འཕར་གྲངས་ཕྱེད་ཀ་ལས་བརྒལ་བ་དེ་ཁོང་ཀོ(ཅིན)དང་། ཨེ་ཅིབ། ཨེ་ཙེ་ཨོ་ཕི་ཡ། རྒྱ་གར། ནི་ཀྲེ་རི་ཡ། ཕ་ཁི་སི་ཐན། ཧྥི་ལི་ཕིན། ཐན་ཙན་ནི་ཡ་བཅས་རྒྱལ་ཁབ་8ལ་གཅིག་སྡུད་ཡོང་རྒྱུ་རེད།

   སྙན་ཞུའི་ནང་སྔོན་དཔག་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོའི་ལོ་65དང་དེ་ཡན་གྱི་མི་འབོར་གྱིས་བཟུང་བའི་བསྡུར་ཚད་དེ་2022ལོའི་10%ནས་2050ལོའི་16%བར་འཕར་རྒྱུ་ཡིན་པ་རེད། སྐབས་དེ་དུས་སྔོན་དཔག་བྱས་ན་གོ་ལ་ཧྲིལ་པོར་ལོ་65ཡན་གྱི་རྒན་རྒོན་མི་འབོར་གྱི་གྲངས་འབོར་དེ་ལོ་5མན་གྱི་བྱིས་པའི་གྲངས་འབོར་གྱི་ལྡབ་གཉིས་ལྷག་ཙམ་ཡིན་པ་མ་ཟད། ལོ་12མན་གྱི་བྱིས་པའི་གྲངས་འབོར་དང་ཧ་ལམ་གཅིག་མཚུངས་ཡིན་སྲིད།

   སྙན་ཞུའི་ནང་གོ་ལ་ཧྲིལ་པོའི་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་2019ལོར་ལོ་72.8ཡིན་པ་དེ་1990ལོ་ལས་ལོ་9ཙམ་མང་དུ་ཕྱིན་ཡོད་མོད། འོན་ཀྱང་གྲངས་གཞི་དེ་2021ལོར་ཚེ་ཚད་71.0བར་མར་ཆག་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་རེད་ཅེས་འཁོད་ཡོད། གཞན་ཡང་། 2021ལོར་དར་རྒྱས་མེད་པའི་རྒྱལ་ཁབ་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་གོ་ལ་ཧྲིལ་པོའི་ཆ་སྙོམས་ཚེ་ཚད་ལས་ལོ་7གྱིས་ཉུང་ཡོད། སྙན་ཞུའི་ནང་ཚོད་དཔག་བྱས་པར་གཞིགས་ན། 2050ལོར་གོ་ལ་ཧྲིལ་པོའི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་77.2ཙམ་ཟིན་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1