༄༅།།ཆོ་འཕྲུལ་ཆེན་པོའི་དུས་ཆེན་ངོ་སྤྲོད།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ། སྤེལ་དུས། 07-15


 བསྐལ་བཟང་རྣམ་འདྲེན་བཞི་པ་ཉི་མའི་གཉེན་གྱིས་འཛམ་གླིང་འདིར་མཆོག་གི་སྤྲུལ་སྐུའི་སྣང་བརྙན་བཟུང་སྟེ་གདུལ་བྱའི་ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དེ་དང་དེར་གང་འདུལ་གྱི་མཛད་པ་མཐའ་ཀླས་པའི་ནང་ཚན་འཕགས་ཡུལ་གྱི་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་གཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་དང༌། གནག་ལས་སྐྱེས། རྒྱལ་བ་ཅན། གཉེན་གྱི་བུ། ནོག་ཅན། སྐྲའི་ལ་བ་ཅན་དྲུག་འཁོར་དགུ་ཁྲི་དང་བཅས་པ་ཆོ་འཕྲུལ་གྱི་མཛད་པས་ཕམ་པར་མཛད་དེ་དམ་པའི་ཆོས་ཀྱི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས་པའི་དུས་དྲན་ཁྱད་པར་ཅན་དེར་ཆོ་འཕྲུལ་དུས་ཆེན་དུ་འབོད།


དེ་ཡང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་དགུང་ལོ་ང་བདུན་པ་མེ་ཕོ་འབྲུག་གི་ལོར་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་སྟོན་པར་མཛད་ཅིང༌། ཚུལ་ཇི་ལྟར་བྱུང་བ་ནི། སྟོན་པ་མངོན་པར་རྫོགས་པའི་སངས་རྒྱས་ནས་ལྷ་མི་བགྲང་ལས་འདས་པ་ཞིག་སྨིན་ཅིང་གྲོལ་བར་མཛད། འཛམ་བུའི་གླིང་གི་རྒྱལ་པོ་ཆེ་དགུ་ཐམས་ཅད་ཀྱིས་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཆོད་ཅིང་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་ན་བཞུགས་པའི་ཚེ། མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་སོགས་དྲུག་པོ་ཕྲག་དོག་གིས་ཡིད་དཀྲུགས་ཏེ་སྟོན་པ་ལ་འགྲན་པར་འདོད་པ་ན་བདུད་སྡིག་ཅན་གྱིས་ཀྱང་མུ་སྟེགས་ཀྱི་སྟོན་པ་དྲུག་པོའི་རྒྱུད་བསྐུལ་ཏེ། སྟོན་པ་ལ་འགྲན་པའི་བསམ་པ་ཆེས་ཆེར་སྐྱེས་ནས་འོད་སྲུང་རྫོགས་བྱེད་སོགས་མུ་སྟེགས་ཀྱི་སྟོན་པ་དྲུག་པོས་རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་དུ་ཕྱིན་ཏེ། རྒྱལ་པོ་བདག་ཅག་དང་གཽ་ཏ་མ་གཉིས་ཀ་ཤེས་པར་སྨྲ་བ་ཡིན་ན་ལྷན་ཅིག་རྫུ་འཕྲུལ་འགྲན་དུ་བཞུགས་པའི་རིགས་སོ་ཞེས་བརྗོད་པ་ལྟར་རྒྱལ་པོས་བཅོམ་ལྡན་འདས་ལ་གསོལ་བས་སྟོན་པས་མཐར་ཞག་བདུན་ནས་རྫུ་འཕྲུལ་སྟོན་པར་ཞལ་གྱིས་བཞེས།


དེ་ནས་རྒྱལ་པོས་ཞག་བདུན་བར་མཉན་ཡོད་དང་རྒྱལ་བྱེད་ཚལ་བར་ཆོ་འཕྲུལ་གྱི་འདུ་ཁང་ཆེན་པོ་ལྷའི་ཁང་བཟང་ལྟ་བུ་བྱས། གསེར་གྱི་སེངྒེའི་ཁྲི་བཤམས། མུ་སྟེགས་པས་ཀྱང་འདུ་ཁང་དྲུག་དང་གདན་ཁྲི་བཤམས་སོ། །དེ་ལྟར་ཞག་བདུན་འདས་པའི་ནང་པར་བཅོམ་འདས་འཁོར་བཅས་སྤྱན་འདྲེན་པར་བྲམ་ཟེའི་ཁྱིའུ་བླ་མ་ཞེས་པ་བཏང་བས། དགུན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་༡ལ་བཅོམ་ལྡན་འདས་བྱ་ངང་པའི་རྒྱལ་པོ་ལྟར་མཁའ་ལས་ཆོ་འཕྲུལ་གྱི་འདུ་ཁང་དུ་གཤེགས་སོ།།


བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་པར་བཞུགས་པས་སྒོ་གསེབ་ནས་མེ་འོད་བྱུང་སྟེ་ཆོ་འཕྲུལ་ཁང་པ་ཕྱི་ནང་ཐམས་ཅད་མེ་དཔུང་འབར་བར་གྱུར་པ་སྦྱངས་པར་མཛད་དེ་སྔར་ལས་མཛེས་པར་སྤྲུལ་པ་དང༌། ཚེས་༢ལ་རི་མཐོ་ལྗོན་ཤིང་འབྲས་བུས་གང་བ་སྤྲུལ་བ་དང༌། ཚེས་༣ལ་རིན་པོ་ཆེའི་རྫིང་བུ་དཔག་ཚད་ཉིས་བརྒྱ་པདྨས་བརྒྱན་པ་སྤྲུལ། ཚེས་༤ལ་རིན་པོ་ཆེའི་རྫིང་གི་ཕྱོགས་བཞིའི་ཡུར་བ་ལས་ཆུ་འབབ་པ་ལས་ཆོས་ཀྱི་སྒྲ་འབྱུང་བ་ཕྱིར་ཡང་འཁོར་ཞིང་རྫིང་ཉིད་དུ་འབབ་པ་སྤྲུལ། ཚེས་༥ལ་བཅོམ་ལྡན་འདས་ཀྱི་ཞལ་ནས་གསེར་གྱི་འོད་བཀྱེ་བས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་སྤྲུལ། ཚེས་༦ལ་འཁོར་ཁྲི་སྟོང་མང་པོ་དག་གཅིག་གི་བསམ་པ་གཅིག་གིས་ཤེས་ཤིང༌། སོ་སོའི་དགེ་སྡིག་གི་ལས་ཀྱང་རྟོགས་པར་མཛད་དོ།།



ཚེས་༧ལ་འཁོར་དེ་དག་སོ་སོ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང༌། རྒྱལ་ཕྲན་དང་བློན་པོ་རྣམས་ཀྱི་བསྟི་སྟངས་བྱེད་པར་མཐོང་བས་སྤྲོ་བ་སྐྱེས། ཚེས་༨ལ་བརྒྱ་བྱིན་གྱིས་སྤྱན་དྲངས་ཏེ་བཅོམ་ལྡན་འདས་ཀྱིས་ཞབས་གཡས་པ་དྲི་གཙང་ཁང་གི་ནང་དུ་བསྣུན་མ་ཐག་ས་གཡོས་པས་སྟོན་པ་དྲུག་པོས་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་བཀྱེ་བས་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཉི་མ་ལྟར་མཛེས་པ་མཐོང་ནས་དད་པས་རབ་ཏུ་བྱུང་ནས་དགྲ་བཅོམ་པ་སོགས་དང༌། ཚེས་༩ལ་ཚངས་པས་བསྙེན་བཀུར་བ་ན་བཅོམ་ལྡན་འདས་ཀྱི་སྐུ་ཚངས་གནས་ལ་ཐུག་གི་བར་དུ་མཐོ་བ་འོད་ཟེར་གྱིས་གནམ་ས་གསལ་བར་མཛད་དེ་ཆོས་བསྟན་ཏོ།།


ཚེས་༡༠ལ་རྒྱལ་ཆེན་བཞིས་བསྙེན་བཀུར་བ་ན་སྲིད་པའི་རྩེ་ལ་ཐུག་གི་བར་གྱི་སྐུ་ལས་འོད་ཟེར་འབར་བར་འགྱུར་བ་དང༌། ཚེས་༡༡ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསྙེན་བཀུར་བ་ན་སེངྒེའི་ཁྲི་ལ་བཞུགས་བཞིན་དུ་སྐུ་མི་སྣང་བར་མཛད་ནས་འོད་བཀྱེ་སྟེ་ཆོས་བསྟན། ཚེས་༡༢ལ་ཁྱིམ་བདག་ཙི་ཏས་བསྙེན་བཀུར་བ་ན་བཅོམ་ལྡན་འདས་བྱམས་པའི་ཏིང་ངེ་འཛིན་ལ་གནས་པར་མཛད། ཚེས་༡༣ལ་རྒྱལ་པོ་ཤུན་ཙི་ད་ལས་བསྙེན་བཀུར་བ་ན་སྟོན་པ་སེངྒེའི་ཁྲི་ལ་བཞུགས་པའི་སྐུའི་ལྟེ་བ་ནས་འོད་ཟེར་གཉིས་བྱུང་ཞིང༌། དེ་གཉིས་ཀྱི་ལྟེ་བ་ནས་ཀྱང་འོད་ཟེར་གཉིས་བྱུང་སྟེ་ཚུལ་དེ་འདྲ་བས་སྟོང་ཆེན་པོའི་འཇིག་རྟེན་གང་བར་སྤྲུལ་ཏོ། །


ཚེས་༡༤ལ་རྒྱལ་པོ་ཨུ་ཏྲཱ་ཡ་ནས་བསྙེན་བཀུར་བ་ན་དེས་མེ་ཏོག་གཏོར་བ་དེ་དག་ཚངས་པའི་འཇིག་རྟེན་ལ་ཐུག་པའི་རིན་པོ་ཆེའི་ཤིང་རྟ་གསེར་ལྟར་འབར་བ་ནོར་བུ་རིན་པོ་ཆེས་སྤྲས་པ་སྟོང་ཉིས་བརྒྱ་ལྔ་བཅུར་གྱུར་ཅིང༌། དེ་རེ་རེའི་སྟེང་དུ་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་ཏེ་འོད་ཀྱིས་སྟོང་གསུམ་མཐོང་བར་མཛད་དོ།།


ཚེས་༡༥ཉིན་རྒྱལ་པོ་གཟུགས་ཅན་སྙིང་པོས་བསྙེན་བཀུར་བ་ན་སྣོད་ཐམས་ཅད་ཟས་རོ་བརྒྱ་དང་ལྡན་པས་གང་སྟེ་ཆོ་འཕྲུལ་ལྟ་བའི་འཁོར་ཐམས་ཅད་ཚིམས་པ་སོགས་རྫུ་འཕྲུལ་སྣ་ཚོགས་འགྲན་ཟླ་བྲལ་བ་སྟོན་པར་མཛད་པས་མུ་སྟེགས་པའི་སྟོན་པ་དྲུག་འཁོར་བཅས་པ་ཆོ་འཕྲུལ་གྱིས་མཛད་པས་ཕམ་པར་མཛད་དོ།།


དེ་ལྟར་ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཉིན་རེར་ཆོ་འཕྲུལ་མི་འདྲ་བ་རེ་རེ་བསྟན་ཏེ་ཕྱི་ནང་གི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད། འདི་དག་གི་ཚེ་མུ་སྟེགས་ཀྱི་སྟོན་པ་དྲུག་ཆོ་འཕྲུལ་སྟོན་པར་འདོད་ཀྱང་ཡན་ལག་རེངས། ཁ་འཐམས། སེམས་ཁུང་དུ་ཆུད་ཅུང་ཟད་ཀྱང་སྟོན་པའི་མཐུ་མེད་པར་གྱུར་ཏེ་ཕམ་པར་མཛད། དེ་ལྟར་སྟོན་པས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་མུ་སྟེགས་སྟོན་པ་དྲུག་ཕམ་པར་མཛད་པའི་ཚེ་ལི་ཙ་བྱི་སོགས་ལྷ་དང་མི་དད་ཅན་དག་གིས་ཛེ་ཏའི་ཚལ་གྱི་གནས་དེར་ཆོ་འཕྲུལ་བསྟན་པའི་མཆོད་རྟེན་ནམ་མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན་དབྱིབས་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེར་གློ་འབུར་དང་བཅས་པ་བརྩིགས་པས་ཆོ་འཕྲུལ་མཆོད་རྟེན་ཞེས་ཀྱང་གྲགས།


དེའི་ཕྱི་ལོ་ནས་ཆོ་འཕྲུལ་ཆེན་པོ་ཚུགས་ཏེ་རྒྱ་གར་གྱི་པཎ་གྲུབ་དང་རྒྱལ་བློན་དང༌། ཁྱིམ་བདག་དད་པ་ཅན་ལ་སོགས་པས་ཡུལ་སོ་སོར་ཆོ་འཕྲུལ་དུས་ཆེན་ལ་མཆོད་པ་དང་དུས་སྟོན་བྱེད་པ་དར་བར་གྱུར། དེའི་རྒྱུན་བོད་དུ་ཡང་ཆོས་རྒྱལ་གོང་མ་ནས་བཟུང་སྟེ་བླ་མ་དང་སྦྱིན་བདག་སྟོབས་དང་ལྡན་པ་རྣམས་ཀྱིས་དུས་ཆེན་ལ་མཆོད་པ་མཛད་པ་མང་དུ་བྱུང་།


དེ་ལྟར་སྟོན་པས་འགྲོ་བའི་མོས་ཁམས་དབང་པོ་དང་འཚམས་པའི་མཛད་པ་སྣ་ཚོགས་མཛད་དེ་ལུས་ཅན་གྲངས་མེད་ཐར་པ་ཆེན་པོའི་ལམ་བཟང་ལ་འགོད་པ་མཛད་དོ། །ཆོ་འཕྲུལ་དུས་ཆེན་འདི་ཉིད་བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་ནས་ལོ་གང་གི་དུས་བྱུང་ཞེ་ན། འདུལ་བ་ལུང་གི་ཚིག་རིས་རྣམས་ལ་བརྟག་ན། སངས་རྒྱས་ནས་ལོ་དྲུག་པ་ལ་ཡབ་སྲས་མཇལ་འཕྲད་མཛད། ལོ་བདུན་པ་ལ་ཆོ་འཕྲུལ་ཆེན་པོ་བསྟན། དེ་ལོར་འདུ་འཛི་ཆེ་བའི་རྐྱེན་གྱིས་དེ་འགོག་ཆེད་དང༌། ཡུམ་ལྷ་གནས་སུ་སྐྱེས་པ་དེར་དྲིན་ལན་གསབ་ཆེད་སུམ་ཅུ་རྩ་གསུམ་དུ་བྱོན་ནས་དབྱར་གནས་མཛད་པར་འདུལ་བ་ལུང་གི་དགེ་སློང་མས་སྟོན་པའི་མདུན་དུ་རྫུ་འཕྲུལ་བསྟན་པའི་ལྟུང་བའི་གླེང་གཞིའི་སྐབས་སུ་གསལ་བས་སྐབས་དེར་མུ་སྟེགས་རྫོགས་བྱེད་ཤི་ཟིན་པ་དང་དགེ་སློང་ལྷས་བྱིན་གྱིས་མཚམས་མེད་གསུམ་བྱས་ཟིན་པ་ཡིན་ནམ་སྙམ་པས་བརྟག་པར་འཚལ་ལོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1