ཞིང་འབྲོག་མི་དམངས་ཀྱི་རྩལ་ནུས་འགྲན་བསྡུར་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-15


 

     ཚེས་13ཉིན་གསར་འགོད་པས་ནག་ཆུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱི་སྐབས་དང་པོའི་གྲོང་གསེབ་དར་རྒྱས་དང་ནག་ཆུ་ཡར་རྒྱས་གཏོང་བའི་ཞིང་འབྲོག་པའི་རྩལ་ནུས་འགྲན་བསྡུར་ཆེན་མོའི་མཐའ་མའི་འགྲན་བསྡུར་དེ་གར་སྤེལ་བ་རེད།    

  

   བྱེད་སྒོ་དེ་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ནག་ཆུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཞོགས་འདེགས། བོད་རང་སྐྱོང་ལྗོངས་ལས་བཟོའི་ལག་རྩལ་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་བཅས་རེད། གྲོང་ཁྱེར་ཡོངས་ཀྱི་རྫོང་11དང་། ཤང་གྲོང་114གྲོང་ཚོ་དང་གྲོང་མིའི་ཨུ་ལྷན་1203བཅས་སུ་རིམ་པ་བཞིན་འགྲན་བསྡུར་བྱས་ནས་གདམ་གསེས་བྱས་པ་རེད། མི་ཁྲི་2.5ལྷག་ཙམ་ད་ཐེངས་ཀྱི་འགྲན་བསྡུར་ནང་ཞུགས་ཡོད་པ་དང་མཐའ་མའི་འགྲན་བསྡུར་ནང་བདམས་ཐོན་པ་151ཞུགས་ཡོད་ཅིང་། དེ་དག་ཚང་མ་རྫོང་རིམ་པའི་རྩལ་ནུས་འགྲན་བསྡུར་ཆེན་མོའི་རྣམ་གྲངས་ཁག་གི་ཨང་དང་པོ་ནས་གསུམ་པའི་བར་ཡིན་པ་རེད། 

  

   ནག་ཆུ་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་གཞོན་པ། རིམ་པ་དང་པོའི་བརྟག་ཞིབ་པ་ཁྲེན་ཀོང་ཐོན་གྱིས་བསྟན་དོན། བྱེད་སྒོ་དེར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་ཅིང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དུས་རབས་གསར་པའི་ལག་ཤེས་པའི་ཉམས་འགྱུར་གང་ལེགས་མངོན་པ་དང་། རྩལ་ནུས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། མང་ཚོགས་ལ་འབབ་འཕར་གྱི་རྩལ་ནུས་ཁོང་དུ་ཆུད་པར་བཅུག་པ་དང་ནག་ཆུ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1