༄༅།། མདོ་དབུས་མཐོ་སྒང་གི་ས་གཤིས་གནོད་འཚེ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 07-15




         མདོ་དབུས་མཐོ་སྒང་ནི་རྒྱ་གར་གླིང་དུམ་དང་ཡོ་རོབ་ཨེ་ཤ་ཡའི་གླིང་དུམ་གཉིས་གདོང་ཐུག་བརྒྱབ་སྟེ་བཙིར་གནོན་བྱུང་བའི་ས་ཆ་ཡིན་སྟབས། ས་ཤུན་ནང་དུ་ཆད་རིམ་མང་པོ་བྱུང་ཡོད་པ་དང་། རྙོག་འཛིང་ཆེ་བའི་ས་གཤིས་ཆ་རྐྱེན་གྱིས་མདོ་དབུས་མཐོ་སྒང་གི་ལྷོ་རྒྱུད་དུ་རི་ལུང་མང་ཞིང་ཆུ་བོའི་འབབ་རྒྱུན་དྲག་པ། ས་བབ་གཟར་ཞིང་འགྱུར་ལྡོག་ཆེ་བར་བྱས་ཡོད།

 

         མདོ་དབུས་མཐོ་སྒང་གི་གྲུབ་ཚུལ་གསར་བའི་འགུལ་སྐྱོད་ཧ་ཅང་དྲག་པོ་ཡིན་པ་དང་། ས་གཤིས་གྲུབ་ཚུལ་ཧ་ཅང་རྙོག་འཛིང་ཆེ་བ། ཕྱི་ནང་གི་སྒུལ་ཤུགས་ནུས་པ་དྲག་པ་བཅས་ཀྱི་དབང་གིས། ས་ཡོམ་དྲག་པོའི་ཉེན་ཁ་དང་ས་ཤུན་འགྱུར་ལྡོག་ཆེ་བ། ས་ཤུན་གྱི་གདོད་མའི་ནུས་ཤུགས་ཕྱོགས་བསྡུས་དྲག་པ་སོགས་ཀྱི་ཁྱད་ཆོས་ཡོད་ཅིང་། འཛམ་གླིང་གི་ཆེས་དཀོན་པའི་ས་བབ་ཆགས་དབྱིབས་ཀྱི་འགྱུར་ལྡོག་སྐས་རིམ་མུ་རྒྱུད་དུ་ཡོད་པ་དང་། ས་གཤིས་གནོད་འཚེ་ཆེན་པོ་རྒྱུན་པར་འབྱུང་བ་ཡིན།

 

         ས་གཤིས་གནོད་འཚེ་ཞེས་པ་ནི་རང་བྱུང་ངམ་ཡང་ན་མིས་བཟོས་ནུས་པ་ཡིས་བསྐྱེད་པའི་མིའི་རིགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། འཚོ་གནས་ཁོར་ཡུག་བཅས་ལ་གནོད་སྐྱོན་ཅུང་དྲག་པོ་བཟོ་བའི་སའི་གོ་ལའི་ངོས་ཀྱི་བྲག་སའི་གནས་སྤོར་དོན་རྐྱེན་ལ་ཟེར།

 

         ས་གཤིས་གནོད་འཚེ་འབྱུང་བའི་རྒྱུ་རྐྱེན་མང་པོ་ཡོད་དེ། རང་བྱུང་རྒྱུ་རྐྱེན་ཡིན་པ་རུ་ས་ཡོམ་བྱུང་བ་དང་མེ་རི་འཕྱུར་བ། དྲག་ཆར་འབབ་པ། མཚོ་རླུང་གཡུག་པ་སོགས་ཡོད་ཅིང་། མིས་བཟོས་རྒྱུ་རྐྱེན་ཡིན་པ་ལ་སྔོ་ཁེབས་རླག་པ་དང་ལས་གྲྭའི་རྐོ་སློག མིས་བཟོས་འགད་གཏོར་སོགས་ཡོད། གོང་གསལ་གྱི་གནས་ཚུལ་འདི་ཚང་མས་ཕལ་ཆེར་ས་གཤིས་གནོད་འཚེ་སྐྱེད་པ་ཡིན།

         མདོ་དབུས་མཐོ་སྒང་གི་ས་གཤིས་གནོད་འཚེ་ལ་གཙོ་བོ་གས་རྡིབ་དང་ས་རྡོ་བཤུད་པ། འདམ་རྡོའི་ཆུ་རུད་བཅས་ཡོད།

 

         གས་རྡིབ་ཅེས་པ་ནི་གཟར་ངོས་ཀྱི་བྲག་ས་དེ་ལྗིད་ཤུགས་ཀྱི་ནུས་པའི་དབང་གིས་མ་གཟུགས་དང་བྲལ་ཏེ་གས་ཤོར་དང་རྦབ་འདྲིལ་བྱུང་བའམ་ཡང་ན་འདབས་ངོས་སུ་དིམ་བསགས་བྱུང་བའི་ས་གཤིས་སྣང་ཚུལ་ཞིག་ཡིན།

         གཞུང་ལམ་དང་ལྕགས་ལམ་སོགས་འཛུགས་སྐྲུན་གྱི་ལས་རིམ་ས་བབ་གཟར་བའི་གནས་སུ་ཐོན་དུས། རི་གཏོར་ཕུག་བཟོའི་ལས་ཀ་བྱ་དགོས། ཡིན་ནའང་། བྱེད་སྟངས་འདི་ཡིས་གཟར་གནས་ཇེ་གཟར་དུ་བཏང་སྟེ་གཟར་ངོས་ཀྱི་ས་རྡོ་སོགས་གས་རྡིབ་འབྱུང་སླ་བར་བྱེད་པ་ན། གཞུང་ལམ་དང་ལྕགས་ལམ་གྱི་གཉེར་སྐྱོང་བདེ་འཇགས་ལ་བག་གནས་ཉེན་ཁ་བཟོ་བ་ཡིན།

 

         ས་རྡོ་བཤུད་པ་ཞེས་པ་ནི་གཟར་ངོས་ཀྱི་བྲག་ས་ལ་བཞུར་ཆུ་དང་ས་འོག་ཆུ། ཆར་ཆུ། ས་ཡོམ། མིའི་ཐབས་གཟར་གཅོད་སོགས་ཀྱིས་ཤུགས་རྐྱེན་ཐེབས་རྗེས། ལྗིད་ཤུགས་ཀྱི་ནུས་པའི་དབང་གིས་གཟར་ངོས་སོབ་སོབ་ཏུ་གྱུར་པའི་མཚམས་སུ། བྲག་སའི་ངོས་ཚང་མའམ་ཡང་ན་ངོས་བྱེ་བྲག་ཅིག་ལ་རྡིབ་ཉིལ་བྱུང་བའི་རང་བྱུང་སྣང་ཚུལ་ཞིག་ཡིན།

         མདོ་དབུས་མཐོ་སྒང་གི་ས་གཤིས་གྲུབ་ཚུལ་རྙོག་འཛིང་ཆེ་བ་དང་། ཕྱི་ནང་གི་སྒུལ་ཤུགས་ནུས་པ་དྲག་པོ་ཡོད་སྟབས། ས་རྡོ་བཤུད་པའི་གནས་ཚུལ་མང་པོ་བྱུང་དང་འབྱུང་བཞིན་ཡོད།

 

         འདམ་རྡོའི་ཆུ་རུད་ཅེས་པ་ནི་རི་ཁུལ་ལམ་ཡང་ན་ལུང་བ་གཟར་མོའི་གནས་སུ། དྲག་ཆར་དང་ཁ་བ་ཆེན་པོ་བབས་པའམ་ཡང་ན་རང་བྱུང་གནོད་འཚེ་གཞན་པ་ཡིས་རི་ངོས་གས་ཉིལ་འབྱུང་དུ་འཇུག་པར་མ་ཟད། ད་དུང་དེའི་ནང་དུ་ས་འདམ་དང་རྡོ་ཧྲུག་སོགས་ཀྱང་འདུས་པའི་དམིགས་བསལ་གྱི་ཆུ་རྒྱུན་དྲག་པོ་ཞིག་ཡིན།

         མདོ་དབུས་མཐོ་སྒང་གི་གྲུབ་ཚུལ་འགུལ་སྐྱོད་དང་གནམ་གཤིས་འགྱུར་ལྡོག་གིས་ས་ཁུལ་འདིའི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་མང་པོ་སྐྱེད་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1