གནས་མཆོག་རི་བོ་ཆེ་ཡི་ཐད་གཏོང་བྱེད་སྒོ་ཆེན་མོའི་སྔོན་བརྡ།

ཁམས་པའི་བརྙན་འཕྲིན་ཁང་། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་ཁང་། སྤེལ་དུས། 07-17


 

      སྤྱི་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་ཀྱི་སྟེང་ལ།ཀྲུང་གུང་རི་བོ་ཆེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་།ཁམས་པའི་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པའི༼མཛེས་སྡུག་རི་བོ་ཆེ།གཙང་གསུམ་མེ་ཏོག་གླིང༽ཞེས་པའི་ཐད་གཏོང་བྱེད་སྒོ་ཆེན་མོ་དངོས་སུ་འགོ་བརྩམ་རྒྱུ་རེད།སྐབས་དེར་ང་ཚོས་དྲ་ལམ་བརྒྱུད་དེ་གནས་མཆོག་རི་བོ་ཆེ་ཡི་དབྱར་གྱི་དགའ་སྟོན་སྣ་ཚོགས་དང་།མཐོ་སྒང་གི་གྲོང་ཁྱེར་ཆུང་ཆུང་འདི་ཡི་མཚར་སྡུག་གི་ཉམས་འགྱུར།ཁྱད་པར་དུ་ཕྲ་ཚོམ་མེ་ཏོག་གིས་བརྒྱན་པའི་ཡུལ་སྐོར་གནས་མཆོག་སོགས་འདྲེན་བྱེད་མིག་གི་གསོས་སུ་འབུལ་བ་དང་།རོ་བརྒྱའི་དྲི་ངད་ལྡང་བའི་བདེ་སྐྱིད་འཚོ་བ་གསར་པ་ཉམས་སུ་མྱོང་བཞིན།རྫོགས་ལྡན་གསར་པའི་དུས་སྟོན་རེ་རེ་ཚུར་ལ་བསུ་རྒྱུ་ཡིན་ལགས། 

    ཐེངས་འདིའི་ཐད་གཏོང་གི་བྱེད་སྒོ་ནི་སྔ་དྲོའི་ཆུ་ཚོད་བརྒྱད་ཀྱི་སྟེང་ནས་མཚན་མོའི་ཆུ་ཚོད་བཅུ་པའི་བར་དུ་སྤེལ་རྒྱུ་ཡིན་ལ།ནང་དོན་གྱི་ཆ་ནས་གཡང་ལ་ཆགས་པའི་རི་བོ་ཆེ་དང་།མེ་ཏོག་བཞད་པའི་རི་བོ་ཆེ།མདུན་དུ་སྐྱོད་པའི་རི་བོ་ཆེ།མཛེས་ཤིང་སྡུག་པའི་རི་བོ་ཆེ།འཆམ་ཞིང་མཐུན་པའི་རི་བོ་ཆེ་བཅས་ཁག་ཆེན་པོ་ལྔ་ལ་བགོས་ཡོད།ཞིབ་ཏུ་གླེང་ན་གནས་མཆོག་རི་བོ་ཆེ་ཡི་ལྟ་ན་སྡུག་པའི་མཛེས་ལྗོངས་ཐད་གཏོང་དང་།དགའ་སྐྱིད་དཔལ་ལ་རོལ་བའི་རིག་རྩལ་སྤྲོ་ཚོགས་ཆེན་མོ།ཐད་གཏོང་ཁང་གི་ཆེད་དོན་བཅར་འདྲི།མདོ་འཛིན་པས་ཡུལ་དངོས་ནས་གནས་ཚུལ་རྒྱུས་ལོན་བྱེད་པ།མེ་ཏོག་གི་ཞིང་ཁམས་ནས་གླུ་གཞས་ཆེད་ཚོགས་སྤེལ་བ་སོགས་ལྟད་མོ་ཕུན་སུམ་ཚོགས་པ་ཞིག་གྲ་སྒྲིག་བྱས་ཡོད།  

 

   མདོར་ན་དགུང་ཉི་མ་དབང་ཕྱོགས་ལྷུན་པོའི་སྤོ་རུ་འཛུམ་པ་ནས་ནུབ་ཕྱོགས་ཆུ་ལྷའི་ཕང་བར་བཞུད་པའི་བར་དུ།གནས་མཆོག་རི་བོ་ཆེ་ཡི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སྤྱི་དང་།ཁྱད་པར་དུ་རིག་གནས་ཀྱི་ཉམས་འགྱུར་དང་།ཐོན་ལས་ཀྱི་དགེ་མཚན།ལྷག་བསམ་གྱི་སྦྱོར་བ།ལག་ལེན་གྱི་འགན་འཁྲི་སོགས་གང་ལ་གང་འཚམ་གྱི་ཆོ་ག་གྱ་ནོམ་པ་འབུལ་རྒྱུ་ལགས། རིག་རྩལ་སྤྲོ་ཚོགས་ཆེན་མོ་ལྟ་བུ་ཡིན་ན།སྔ་དྲོའི་ཆུ་ཚོད་བཅུ་པའི་སྟེང་ནས་འགོ་བརྩམ་རྒྱུ་ཡིན་ལ།ཏང་གི་ཚོགས་ཆེན་ཉི་ཤུ་པ་འཛུམ་གྱིས་བསུ།མ་འོངས་གོམ་ཁ་གསར་པར་མདུན་དུ་བསྐྱོད་ཅེས་པ་བརྗོད་དོན་དུ་བཟུང་ནས།གནས་མཆོག་རི་བོ་ཆེ་ཡི་ད་ལྟའི་དགའ་སྐྱིད་དང་མ་འོངས་ཕུགས་འདུན་དབྱངས་ལ་འགུགས་པ་དང་།འཚོ་བའི་ཟིལ་ཤུགས་དང་ལང་ཚོའི་ཉམས་འགྱུར་གར་ལ་རྩེན་རྒྱུ་རེད། 

    མཉམ་འབྲེལ་སྤྲོ་ཚོགས་ཆེན་མོ་འདི་ནི་ངེད་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་འཆི་མེད་དབང་མོ་དང་བྱམས་པ་རྡོ་རྗེ།དབང་ཆེན་ལྷ་མོ།ལིན་ཧྥེང་བཅས་དང་།གཞན་ཡང་ས་གནས་ཀྱི་མདོ་འཛིན་པ་བསོད་ནམས་ཉི་མ་སོགས་ཀྱིས་མཉམ་དུ་མདོ་འཛིན་བྱ་རྒྱུ་རེད།དེ་མིན་ནོར་བུ་བསམ་འགྲུབ་དང་དབང་སྒྲོན་འཚོ།དཔལ་ཆེན་དབང་རྒྱལ།དབྱངས་ཅན་ལྷ་མཛེས།ཟླ་བ་ཚེ་རིང་།ནམ་མཁའ་འཚོ།ཧྲི་དབྱངས་ཚེ་བརྟན།དཔལ་ཡུལ་བཀྲ་ཤིས།ངང་ཚེ།ཡོན་ཏན་རྒྱ་མཚོ།སྙན་འཇེབས་ཚན་སྡེབ་སོགས་གླུ་པ་གླུ་མ་མང་པོ་གདན་གཅིག་ཏུ་འཛོམས་ནས།ཁམས་རི་བོ་ཆེ་ཡི་བདེ་སྐྱིད་འཚོ་བ་གསར་པར་བསྟོད་གླུ་འབུལ་རྒྱུ་རེད། མ་ཟད་གླིང་བྲོ་དང་གྱང་གཞས།སྐོར་བྲོ་སོགས་བརྒྱུད་ནས་རི་བོ་ཆེའི་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ་མ་གནང་བའི་དུས་ཀྱི་ཉམས་འགྱུར་རེ་རེ་དགའ་བའི་གར་ལ་འཁྲབ་རྒྱུ་རེད། 

   གནས་མཆོག་རི་བོ་ཆེ་ཡི་ཆེ་བ་སྣ་ཚོགས་གཅིག་བཤད་ན།གནས་འདི་ན་གངས་དཀར་པོའི་དབུ་འཕང་མཐོ་ཞིང་།སྤང་སྔོན་མོའི་མཛེས་སྡུག་བཀྲ་ལ།རི་མཐོན་པོ་སྟོབས་ཀྱིས་འགྱིང་ཞིང་།ཆུ་གཙང་པོ་དྲག་ཏུ་འབབ་པས།མཚར་སྡུག་གི་དཔལ་གྱིས་ཕྱུག་ཅིང་།མཛེས་སྡུག་གི་རྒྱན་གྱིས་སྤྲས་ཡོད།ང་ཚོས་ཀྱང་གངས་རིའི་བརྗིད་ཉམས་དང་།གྲོག་རོང་གི་མཚར་སྡུགརྫོང་མཁར་གྱི་མཛེས་སྡུགཞིང་གྲོང་གི་འཕོ་འགྱུར།ཁྱད་པར་དུ་གཡས་རི་ལུང་པའི་མཚར་ཉམས་དང་།སྐྱིད་བཞི་ཐང་གི་འཆར་ཡན།གཞན་ཡང་རི་བོའི་སྒང་དང་།ཆུ་མོའི་འགྲམ།སྤང་གི་དཀྱིལ་དང་།ལུང་བའི་མདོ་སོགས་ན་གྲལ་དུ་ཆགས་པའི་བོད་ལུགས་སྡོད་ཁང་ལ་ལྟད་མོར་ལྟ་ཆོག་པ་མ་ཟད།ད་དུང་གཅེས་སུ་རུང་བའི་རི་དྭགས་སྣ་ཚོགས་དབྱར་གྱི་འབྲོག་ར་ན་སོས་དལ་བག་ཕེབས་ཀྱིས་རྒྱུ་བའི་རྣམ་པ་ཉམས་དགའ་བ་རེ་ཉམས་སུ་མྱོང་ཆོག་པས།ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་པའི་མཐོ་སྒང་གི་མཛེས་ལྗོངས་དང་།གཏིང་ཟབ་ཅིང་རྒྱ་ཆེ་བའི་རིག་གནས་ཀྱི་མཚར་སྡུགངོ་མཚར་ཞིང་ཡིད་དུ་འོང་བའི་མཛེས་སྡུག་གི་སྣང་བརྙན་སོགས་ཀྱིས་སྐུ་ཉིད་ལ་དགའ་བ་དཔག་མེད་སྟེར་ཐུབ་པའི་ཡིད་ཆེས་ཡོད།   བདེ་སྐྱིད་ཀྱི་རི་བོ་ཆེ་ཞེས་པའི་ཚན་པའི་ནང་དུ།ང་ཚོས་གནས་མཆོག་རི་བོ་ཆེ་ཡི་ཐང་ག་དང་ཡིག་གཟུགས་སྒྱུ་རྩལ།གཙུག་ལག་ཁྲ་འཁྱིལ་མའི་ཐུན་མིན་གྱི་བཀོད་པ་སོགས་གཟིགས་མོར་འབུལ་རྒྱུ་ཡིན་ལ།ད་དུང་རྫ་བཟོའི་ལག་ཤེས་དང་ས་གནས་ཀྱི་ཞབས་བྲོ་ཉམས་སུ་མྱོང་བ་དང་། སློབ་གྲྭའི་ར་བ་ནས་དཔེ་ཀློག་གི་བྱ་འགུལ་ཡང་སྤེལ་རྒྱུ་ཡིན། དེར་མ་ཟད་ངེད་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དག་གནས་མཆོག་རི་བོ་ཆེ་ཡི་མི་སེར་གྱི་ཁྱིམ་ལ་སོང་ནས་རྒྱུན་ལྡན་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཡང་བྱ་རྒྱུ་རེད། ས་སྲོད་ཀྱི་དུས་ལ།དྲྭ་གྲགས་ཟླ་བ་ཚེ་རིང་ལགས་ཀྱིས་ཁམས་པའི་ཕོ་རྒོད་ཅིག་གི་དུས་ཀྱི་ཉམས་འགྱུར་ངོམ་པའི་ཐང་ཆེན་སྐོར་བྲོ་ལ་ལྟད་མོར་ལྟ་ཆོག   གནས་མཆོག་རི་བོ་ཆེ་ལ་མཚོན་ན།ད་དུང་གླེང་བར་འོས་པའི་དོན་དག་གལ་ཆེན་ཞིག་ཡོད་པ་ནི་ནོར་གནག་གི་ཐོན་ལས་སྐོར་རེད།ཉིས་སྟོང་བཅུ་དྲུག་ལོར།རི་བོ་ཆེའི་སྐམ་ཤ་ནི་ཀྲུང་གོའི་རྒྱལ་ཁབ་ས་གཤིས་མཚོན་རྟགས་ལྡན་པའི་ཐོན་རྫས་ལ་རེ་ཞུ་ཐུབ་ནས།ས་གནས་ཀྱི་མི་སེར་དབུལ་བྲལ་ཕྱུག་འགྱུར་ཡོང་བའི་རིན་ཆེན་ནོར་བུ་ཞིག་ལ་གྱུར་ཡོད།ཐད་གཏོང་ཁང་གི་ནང་ནས་མདོ་འཛིན་པ་འཆི་མེད་དབང་མོ་ཡིས་རི་བོ་ཆེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་སྐར་གཡང་དང་མཉམ་དུ་རིག་གནས་ཡུལ་སྐོར་ཐོན་ལས་དང་།ནོར་གནག་གི་ཐོན་ལས་ཅི་ལྟར་འཕེལ་རྒྱས་གཏོང་བའི་སྐོར་ནས་གླེང་མོལ་དོན་སྙིང་ལྡན་པ་ཞིག་གནང་རྒྱུ་རེད།དགོང་མོར་ད་དུང་མེ་ཏོག་གི་ཞིང་ཁམས་ནས་རོལ་དབྱངས་ཀྱི་ཆེད་ཚོགས་ཤིག་སྤེལ་རྒྱུ་ཡིན་པས།མཚན་མོའི་སྐར་ཚོགས་ཀྱི་འོག་ཏུ།མེ་ཏོག་གི་དྲི་ངད་དང་འགྲོགས་ནས།དར་ལུང་བའི་རྣ་བའི་བུ་རམ་དུ་སྨིན་པའི་གླུ་གཞས་སྒྱུ་རྩལ་ཉམས་སུ་མྱོང་ཆོག ཐེངས་འདིའི་ཐད་གཏོང་བྱ་འགུལ་ཆེན་མོ་ནི་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་ཀྱི་སྟེང་ལ་ཁམས་པའི་བརྙན་འཕྲིན་ཁང་གི་ཤམ་བྷ་ལའི་ཆ་འཕྲིན་མགྲོན་སྣེ་དང་།ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་ཕྲན་སྟེགས་བུ།ཁམས་པའི་བརྙན་འཕྲིན་ཁང་གི་འདར་དབྱངས།ཁམས་པའི་བརྙན་འཕྲིན་ཁང་གི་པོད་འཕྲིན།ཁམས་པའི་བརྙན་འཕྲིན་ཁང་གི་དུས་ཐོག་གསར་འགྱུར་གལ་ཆེན་སྒྲོག་གཏོང་སྟེགས་བུ་སོགས་དང་།གཞན་ཡང་སྐྱེ་ཁམས་རི་བོ་ཆེའི་འདར་དབྱངས་སྟེགས་བུ་བཅས་ནས་དུས་མཉམ་དུ་སྤེལ་རྒྱུ་ཡིན་པས། སྐུ་ཉིད་ཀྱིས་དུས་ལྟར་ང་ཚོའི་ཐད་གཏོང་ལ་གཟིགས་པར་འཚལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1