༄༅།།མོ་མ་དུང་མགོའི་ཧོར་རྒྱལ་བློན་རྣམས་ལ་རྨི་ལམ་ལུང་བསྟན་གྱིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 07-18


  ༀ་ཆུང་ཆུང་མ་ཎི་པདྨེ་ཧཱུཾ། །

   ཡང་དག་པའི་ཆོས་ལ་གསོལ་བ་འདེབས། །

   སྟོང་དབྱེར་མེད་ཁ་ལོ་ཆོས་ལ་བསྒྱུར། །

   བདག་དང་མཐའ་ཡས་སེམས་ཅན་རྣམས། །

   སངས་རྒྱས་འབྲས་བུ་ཐོབ་པར་ཤོག །

   ས་འདིའི་ས་ངོ་མ་ཤེས་ན། །

   ཐང་དམར་པོ་བཞི་ལིང་གོང་བ་རེད། །

   ང་དང་ང་ངོ་མ་ཤེས་ན། །

   ང་ཧོར་གྱི་ལྷ་བ་དུང་མགོ་ཡིན། །

   ཧོར་འདི་ལ་བླ་མ་གསུམ་ཙམ་བཞུགས། །

   སྟག་མགོ་གཟིག་མགོ་དོམ་མགོ་རེད། །

   ཆོས་མིང་ཐོགས་པ་གཅིག་ཀྱང་མེད། །

   ཧོར་ལ་ལྷ་བ་གསུམ་ཙམ་བཞུགས། །

   ཉ་མགོ་དུང་མགོ་རྒོད་མགོ་གསུམ། །

   ལྷ་མིང་ཐོགས་པ་གཅིག་ཀྱང་མེད། །

   ང་ཕུ་དྲུག་ལྷ་བ་དུང་མགོ་ཡིན། །

   ཉིན་གྱི་རྟགས་ལམ་ཡོད་མི་ཡིན། །

   མཚན་གྱི་རྨི་ལམ་ཡོད་མི་ཡིན། །

   ཟག་བཅས་མངོན་ཤེས་ཡོད་མི་ཡིན། །

   དང་པོ་དང་གི་མགོ་མ་ལ། །

   ཐུན་གསུམ་འོད་གསལ་བཟུང་བ་ན། །

   ཐུན་སྟོད་ཚོགས་དྲུག་སེམས་མ་བདེ། །

   ཐུན་སྐེད་རྒྱུ་དྲུག་གཉིད་མ་ཁུག །

   དེ་རྗེས་ཐུན་གཅིག་ཐ་མ་ལ། །

   གཉིད་མར་ཉལ་རྨི་ལམ་འདི་འདྲ་བྱུང་། །

   ཤར་ཁྲ་མོ་གླིང་གི་ཡིན་ཟེར་བའི། །

   མི་འཐེང་ཁྱི་འཐེང་རྟ་འཐེང་གསུམ། །

   འཐེང་གསུམ་ཧོར་ལ་བྱུང་བ་རྨིས། །

   ཅོག་ལྷའི་དཔལ་མཁར་གཏོར་བ་རྨིས། །

   ཤན་པའི་ཀླད་ཕོར་བཀོག་པ་རྨིས། །

   འོད་གསལ་དེ་ཡི་རྒྱབ་རོལ་ནས། །

   ཤར་གླིང་རྒྱ་སྟག་ཁྲ་བོ་དེས། །

   མཆེ་བ་ཁྲག་ལ་བཤན་པ་རྨིས། །

   ཧོར་སྟོང་ཤོམ་འབུམ་ཐུབ་གཙོ་བྱས་པའི། །

   མི་བརྒྱ་ཚོ་བཅུ་གཅིག་ཤོར་བ་རྨིས། །

   འོད་གསལ་དེ་ཡི་རྒྱབ་རོལ་ཏུ། །

   སྡར་མ་ཝ་ཡི་ཁྲ་འཛུམ་དེ། །

   ཐིག་ལེ་གཟིག་ལ་བརྫུས་པ་རྨིས། །

   ཁྱི་ནག་དོམ་བུའི་རྔ་རྒྱང་དེ། །

   སེངྒེ་གཡུ་རལ་བརྫུས་དོ་ཟེར། །

   དོན་ཡང་དག་མཆིན་པ་ཁོག་རུལ་རེད། །

   དགྲ་ཟུན་ཆོས་གཅིག་བྱེད་དོ་ཟེར། །

   ཆར་རླུང་གྲོས་གཅིག་བྱས་པ་རྨིས། །

   མཐའ་མ་ཇུས་ཀྱི་བཞག་སོ་ལ། །

   ཆར་མེད་རླུང་མེད་བྱུང་བ་རྨིས། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   ཁྱུང་ཕྲུག་རྩེ་སྒྲོ་ངོམ་པ་རྨིས། །

   གླག་ནག་སྤུན་བཞི་ཐང་ལ་ལྷུང་། །

   ཁྲ་ཧོར་བ་སྤུ་ཆུང་འཐོར་རོ་ཟེར། །

   ཧོར་སྐྱེན་པོ་ཨ་ལྔ་མཐེབ་དྲུག་གི །

   མཐེབ་དྲུག་ཁྲག་གིས་བརྒྱན་ནོ་ཟེར། །

   བརྒྱན་མཐའ་སྲོག་སྙིང་སྟག་ལ་ཤོར། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   གཡག་ལ་སེར་པོའི་ལ་བཙས་ནས། །

   མཐོ་གངས་དཀར་ཟུར་གྱི་སེངྒེ་འགྱིང་། །

   གཡུ་རལ་ཧོར་ལ་ངོམ་པ་རྨིས། །

   ཧོར་ཝ་མོ་ཐང་ལ་བརྡབས་པ་རྨིས། །

   དཔྱད་ན་སེང་སྟག་ཨ་དོམ་འདྲ། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   སྤྲིན་ནག་ཟུར་གྱི་ཐོག་རྒོད་འབབ། །

   གློག་ལྕེ་ཧོར་ལ་འཁྱུག་པ་རྨིས། །

   བྲག་དཀར་རྩེ་ནས་བཤིག་གོ་ཟེར། །

   དཔྱད་ན་སྒ་སྡེ་བེར་ནག་འདྲ། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   ཙན་དན་ནགས་ཀྱི་དམར་ཡག་ཤོར། །

   འཛུམ་དྲུག་ཧོར་ལ་ངོམ་པ་རྨིས། །

   ཐོད་རུའི་ཀླད་ཁྲག་བསྐམས་པ་རྨིས། །

   དཔྱད་ན་གསེར་པའི་ཨ་བརྟན་འདྲ། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   རྨ་ཉིན་དུག་རླངས་མུན་པ་འཐིབས། །

   རྨ་སྲིབ་ཁྲི་གདུགས་ཤེད་ཆེན་འཁྱིལ། །

   གསལ་འགྲིབ་གཉིས་ཀྱི་བར་ལག་ན། །

   གུར་དཀར་དུང་ཁྲི་བཤིག་པ་རྨིས། །

   བསམས་ན་ཁྲི་བཙུན་སྤུན་ལ་བལྟ། །

   གུར་སེར་པོའི་གདུང་མ་ཆག་པ་རྨིས། །

   བསམས་ན་འཕྲུ་སེང་བདག་པོར་བལྟ། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   མདའ་ཉག་ཕྲན་ཅི་ཡོད་ལྟོང་ནས་གཤགས། །

   སྒྲོ་སྙུག་འཛོམས་པ་གཅིག་ཀྱང་མེད། །

   གཞུ་མཆོག་དཀར་སྣང་ཚད་ཀླད་ནས་གཏོར། །

   གཞུ་རྒྱུད་འཛོམས་པ་གཅིག་ཀྱང་མེད། །

   གྲི་ངར་སོ་གང་བཟང་སྐེད་ནས་བཅད། །

   ཡུ་ལུང་འཛོམས་པ་གཅིག་ཀྱང་མེད། །

   མདུང་བ་དན་ཁྱེར་ཚད་རྩེ་དང་ཕྲལ། །

   རྣོ་ངར་འཛོམས་པ་གཅིག་ཀྱང་མེད། །

   བསམས་ན་རྒོད་རྩེ་པཱ་ཐུར་འདྲ། །

   མདའ་གསར་གཅིག་ལ་སྒྲོ་བཞི་ཚང་། །

   ཐང་རྩེ་གཡུ་འབྲུག་མིང་དུ་གྲགས། །

   གཞུ་རྒོད་གཅིག་ལ་རྒྱུན་དུ་བཀུག །

   སྟོབས་ཆེན་གླང་པོ་ཁྲ་འབར་འདྲ། །

   གྲི་རྒོད་གཅིག་ལ་ཡུ་ཤུབས་ཚང་། །

   སྡིག་གཅོད་ཤན་པ་རྨེ་རུ་འདྲ། །

   མདུང་སྐྱ་རིང་གཅིག་ལ་བ་དན་འཛོམས། །

   པཱ་ཐུར་མཆོང་ལྷ་སྨུག་པོ་འདྲ། །

   ལན་རྩ་དུང་ཕྱེ་དཀར་ལེབ་དེ། །

   ས་ནག་མཆིན་པའི་ཐུར་ལ་བྲོས། །

   གནམ་སྔོན་སྤྲིན་དཀར་ཕག་ལ་གབ། །

   དཔྱད་ན་རྒྱལ་པོ་གུར་དཀར་འདྲ། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   གཤིན་རྗེའི་ཁྲམ་ཁ་གར་གཏད་རྣམས། །

   གསོན་ལ་ཐར་བ་མི་སྲིད་ཟེར། །

   དཔྱད་ན་ཡ་ཟིའི་སྐར་ཕྲན་འདྲ། །

   འཁྱུགས་རྒོད་མེ་ལྕེ་གར་འབར་དེས། །

   རྐང་ཆུང་ལམ་ལ་མི་ཐར་ཟེར། །

   དཔྱད་ན་འདན་མའི་མདའ་ལ་འདྲ། །

   སྦྲུལ་ནག་ལྕེ་རྩེ་གར་གཡུག་དེས། །

   དུག་ནག་ཧ་ལ་མི་གཏོང་ཟེར། །

   དཔྱད་ན་ཆོས་ལུའི་མདུང་ནག་འདྲ། །

   སེང་ཕྲུག་ཤེས་ཆེན་སྦར་གྱིས་བཏབ། །

   བྲག་རྡོ་རྗེ་ཡིན་ཡང་ཐལ་ཕུང་བཟོ། །

   དཔྱད་ན་ཉི་འབུམ་དཔུང་བ་འདྲ། །

   རི་གཟར་ངོས་ཀྱི་རྦབ་འགྲིལ་དེ། །

   གཟུར་བས་མི་ཕན་ཧ་ལ་འཕེན། །

   དཔྱད་ན་སྒ་སྡེའི་སྒྱོགས་རྡོ་འདྲ། །

   བསེར་མ་རླུང་གི་རྒྱབ་འདེད་དེར། །

   བྲོས་པས་ཐར་པ་ལར་ནས་མེད། །

   དཔྱད་ན་སྟོང་རིའི་བང་ཁ་འདྲ། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   ཐང་ཆེན་བཅོ་བརྒྱད་ཁྲག་མཚོ་འཁྱིལ། །

   ལུང་ཆེན་བཅོ་བརྒྱད་རུས་པས་ཁེངས། །

   དམར་ལ་རི་སྤྱང་སུན་པ་སྐྱེད། །

   ཤ་ལ་བྱ་རྒོད་ཞེན་པ་ལྡོག །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   མཐའ་མ་ལས་ཀྱི་བཀོད་ཐང་ལ། །

   རྨ་ཡུལ་འབྲས་དཀར་ཟོར་བས་བརྔས། །

   སྟོན་བསྡུ་དབྱར་ལ་སྐྱེས་པ་རྨིས། །

   མོ་རྫོང་གོ་ཆུང་གཏོར་བ་རྨིས། །

   རྨ་བྱ་ལག་རྙིས་བཟུང་བ་རྨིས། །

   ཧོར་ལྷའི་ལྕགས་སྲོག་གཏོར་བ་རྨིས། །

   གཡུང་དྲུང་རི་མོ་བཤིག་པ་རྨིས། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   གད་སྐྱ་རིང་ལ་གཅིག་ཐུར་གཉིས་ལ། །

   འབུམ་པའི་དུང་ཟླ་ཐང་ལ་ཕབ། །

   ཆུང་རྒྱུད་སྐར་ཆེན་ས་ལ་བརྡབས། །

   སྟག་རོང་རྨོག་གི་ཁྱུང་གཏོར་བཅད། །

   སེང་སྟག་ནོར་བུའི་བང་མཛོད་འཕྲོག །

   སྒ་སྡེའི་ལས་དམག་དུམ་བུར་བགོས། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   ཐག་ཆོད་ངེས་ལ་དགུ་ཐུར་བཅུ་ལ། །

   གཅན་གཟན་བུ་དགུ་ཀླད་ཁྲག་བསྐམས། །

   མཐིང་རྒོད་ཨ་སྔོན་འགྲིམ་ལམ་ན། །

   ལྷོ་སྤྲིན་ནག་པོའི་ཁྱུ་སྣེ་བཅད། །

   སྐར་མའི་འཛུམ་དང་ཟླ་བ་བསྡེབས། །

   གླིང་ཡུལ་ཁྲ་མོ་རྒྱན་དུ་ལེན། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   ཧོར་ས་ཆུ་བྱེ་མ་རླུང་ལ་འཕྱར། །

   ལྕགས་ནག་སྒོ་ལ་མདའ་མིག་བཏོད། །

   ཟ་ཁྱིམ་གྲོལ་ལ་མེ་སྟག་འཕྲོ། །

   འོད་གསལ་དེ་ཡི་རྗེས་རོལ་ལ། །

   ལོ་བཞི་ལོ་ལྔ་ཕན་ཚུན་ནས། །

   སེར་པོ་ཧོར་གྱི་ས་ཆ་ན། །

   དགུན་དཔྱིད་མཚམས་ན་སེར་བ་འབབ། །

   སྐྱིན་ཐང་བརྒྱུད་ནས་བན་རྒན་འཁྱར། །

   ཧོར་ཆུའི་རབ་ལ་མཆོད་རྟེན་འབྱུང་། །

   ཆུ་མགོའི་ཟུར་ན་ཉི་འོད་འཁྱིལ། །

   འགྲུལ་ལམ་བརྒྱུད་ནས་ཐན་བྱུར་རེད། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   ཧོར་ཐང་དཀྱིལ་ན་སེངྒེ་འགྱིང་། །

   སེང་མཐའ་དོམ་ནག་འབུམ་གྱིས་བསྐོར། །

   དེ་མཐའ་སྐར་ཕྲན་སྟོང་གིས་བསྐོར། །

   སེང་ཚང་ལྕགས་ལ་བཅའ་བ་རྨིས། །

   ཡ་རྩེའི་མཁར་ལ་སེང་སྦར་བརྒྱབ། །

   དམར་གཏོར་མགོ་མཇུག་བསྒྱུར་འདྲ་རྨིས། །

   གུར་དཀར་གཉའ་སྒ་བསྟད་པ་རྨིས། །

   འོད་གསལ་དེ་ཡི་རྗེས་རོལ་ན། །

   ཨ་ཆེན་ཐང་བ་གྲུ་བཞི་འདི། །

   རྒྱལ་བློན་ཧོར་སྡེ་ཕར་ལ་ཞོག །

   རྩ་མེད་ཆུ་མེད་བྱུང་བ་རྨིས། །

   རི་མེད་ལུང་མེད་ཐོན་པ་རྨིས། །

   བྱེ་ཐང་འཇག་སྐྱ་འཕྱུར་བ་རྨིས། །

   འཇག་མས་ཤུགས་གླུ་ལེན་པ་རྨིས། །

   ཁྲག་ཤུལ་ཆུ་ཡིས་བཤལ་བ་རྨིས། །

   ཡིན་བསམ་པ་མོ་མའི་ཡིད་ལ་མེད། །

   གནའ་མི་རྒན་པོའི་གཏམ་དཔེ་ལ། །

   རྗེ་དབུ་འཕང་མཐོ་དུས་དལ་ན་དགའ། །

   བྲེལ་ཚུབ་ལངས་ན་རྒྱལ་སྲིད་འཆོར། །

   འབངས་བཙན་ཕྱུག་འཛོམ་དུས་གཉོམ་ན་དགའ། །

   དཔུང་རྒོད་ཤེད་ཆེ་ན་སྐེད་མགུལ་འཆོར། །

   རྟ་ཤ་རྩ་རྒྱས་དུས་བྲེས་ལ་ཐོགས། །

   བང་འདུར་རྒྱུག་མང་ན་ཁྱི་ལ་ཤོར། །

   ཟེར་བ་རྒན་པའི་གཏམ་ལ་གདའ། །

   མོ་མའི་བརྟག་དཔྱད་ཞུ་བ་འདི། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   ཧོར་སྡེ་བའི་ཡིད་ལ་དེ་ལྟར་ཞོག །

   ཅེས་ཟེར་བ་དང་། གུར་དཀར་ན་རེ། ཁོ་མོ་མའི་རྫུན་གཏམ་རྣ་ལ་འགྲོ་བ་གཅིག་ཀྱང་མི་གདའ། མི་གཅིག་ལ་དམག་བརྒྱ་ཚོ་འབུམ་ཚོ་འཆོར་ཟེར་བའི་རྫུན་གཏམ་འདུག་པ་དང་། གེ་སར་རམ་དེ་ཡོད་མེད་མི་ཤེས་པར། ཧོར་མལ་རྩྭ་སྐྱ་དང་ཁྲག་ཤུལ་ཆུ་བཤལ་ཅི་ལ་བདེན། རྫུན་མ་མི་ཤེས་ཤེས་མདོག་མཁན་འདི་ས་སྟེང་དུ་མ་འཇོག་ཟེར་ནས་གླུ་ངག་རྟ་རྔམས་ཆེན་འགྱིང་གླུ་ལ་དྲངས་ཏེ་འདི་ལྟར་བླངས་པར་གདའ་འོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1