མངའ་རིས་ཀྱི་ཤོན་དང་རིག་འཛིན་དབང་མོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-18


 

    ཁ་འབབ་བཞིའི་ཡ་གྱལ་གླང་ཆེན་ཁ་འབབ་དེ་ཉིད་མངའ་རིས་ས་ཁུལ་གུ་གེའི་ཡུལ་གྱི་སྟོད་རྔུལ་ཆུ་ཞེས་པའི་རི་བོ་གླང་ཆེན་གྱི་ཁ་འདྲ་བ་ནས་འབབ་ཅིང་། རྩྭ་མདའ་རྫོང་བསྟི་ཡག་ཤང་གི་ཁུག་པ་ཞིག་ནས་གློ་བུར་དུ་ཁ་ཕྱོགས་བསྒྱུར་ཏེ་དལ་བུར་བཞུར་བའི་རྣམ་པ་དེ་ནི་ལྡེམ་འཁྱུག་གར་ལ་རྩེན་པའི་སྒེག་མའི་སྟངས་ཀ་དང་གཉིས་སུ་མེད། 

    བསྟི་ཡག་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3200ཟིན་པ་དང་། གནས་དེའི་གནམ་གཤིས་བཞའ་ཚན་ཆེ་ཞིང་ཆུ་བོའི་སྤུས་གཙང་བ། ཚ་གྲང་སྙོམས་ཤིང་ཡུལ་ལྗོངས་མཛེས་པ་སོགས་དགེ་མཚན་དུ་མས་ཕྱུག་པས་དེ་གར་སྲོག་ཆགས་མང་པོ་སྐྱེ་འཕེལ་བྱུང་ཡོད། བསྟི་ཡག་གྲོང་ཚོའི་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ཅིང་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པའི་རི་ལྡེབས་སུ་དགུང་ལོ་60ལ་ཕེབས་པའི་བགྲེས་སོང་ཞིག་གིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་དྲོ་འཇམ་ཉི་འོད་འོག་ཏུ་ཡང་སིར་སིར་ངང་ནས་ཞབས་བྲོ་རྒྱག་བཞིན་མཆིས། 


     ཁོང་གི་མཚན་ལ་རིག་འཛིན་དབང་མོ་ཞུ་བ་དང་། ཁོང་ནི་རྩྭ་མདའ་རྫོང་བསྟི་ཡག་ཤང་གི་ཤོན་གྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཉག་ཅིག་དེ་ཡིན། ལང་ཚོའི་མེ་ཏོག་རྣམ་པར་བཞད་པའི་དམན་ཤར་ཞིག་ནས་དབུ་སྐྲ་དཀར་པོར་གྱུར་པའི་བགྲེས་སོང་ཞིག་གི་བར། རིག་འཛིན་དབང་མོའི་བདེ་ལྕག་འཁྱུག་པའི་སྟངས་སྟབས་ཀྱིས་ཤོན་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དེ་མཚོན་གནང་ཡོད། 


       ཆུང་དུས་ནས་ཞབས་བྲོ་འཁྲབ་རྒྱུར་གོམས་པའི་རིག་འཛིན་དབང་མོ་ལོ་15ལ་སླེབས་སྐབས་ཤོན་འཁྲབ་རྒྱུར་དགའ་པོ་བྱུང་ཡོད།  དུས་དེ་ནས་བཟུང་། ཁོང་གིས་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་ཉིན་མཚན་དབྱེར་མེད་དུ་ཤོན་ལ་སློབ་སྦྱོང་གནང་། ཤོན་སྦྱོང་པའི་ལོ་ཟླའི་ནང་། ཁོང་ལ་སྤྲོ་སྣང་དང་བདེ་སྐྱིད་ལས་སྐྱོ་བ་གང་ཡང་མེད་ཅིང་།   ཁོང་གིས་ངེས་པར་དུ་ཤོན་འཁྲབ་ཤེས་པ་བྱས་ནས་དོན་དང་ལྡན་པའི་མི་ཚེ་ཞིག་རོལ་རྒྱུའི་ཐག་བཅད། 


    ཤོན་ནི་ཐོག་མར་ཞང་ཞུང་གི་ཡུལ་དུ་དར་ཁྱབ་ཆེ་བའི་བྲོ་ཡི་རྣམ་པ་ཞིག་ཡིན་ལ། སྤྱི་ལོ་2008ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཤོན་དེ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་བཅུག་ཡོད། ཤོན་ལ་ཞབས་བྲོ་དང་གཞས་མ་གཏམ་སོགས་བོད་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་གཙོ་བོ་མང་པོ་ཞིག་མཉམ་འདྲེས་བྱས་ཡོད་པ་མ་ཟད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་བྱུང་ནས་བོད་ཀྱི་ས་ཁུལ་གཞན་དག་དང་མི་འདྲ་བའི་དམངས་སྲོལ་སྒྱུ་རྩལ་གྱི་རྣམ་པ་མངོན་པ་དང་། རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཡིད་དབང་འཕྲོག་ཤུགས་ལྡན་ཡོད།


    བསྟི་ཡག་ཤང་ནི་གྲོག་རོང་ཁུལ་དུ་གནས་པ་དང་། དེ་གར་ནི་ཤོན་དར་ཁྱབ་ཆེ་བའི་ས་ཆ་ཞིག་རེད། རིག་འཛིན་དབང་མོར་རྒན་རབས་ཚོའི་དྲུང་ནས་ཤོན་རྒྱུན་འཛིན་བྱ་རྒྱུ་བྱུང་བ་དང་། ཕྱིས་སུ་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བསྟི་ཡག་ཤང་གི་ཕུལ་དུ་བྱུང་བའི་ཤོན་འཁྲབ་མཁན་དང་ཤོན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཏུ་གྱུར། 


དུས་རབས་གོང་མའི་ལོ་རབས་80པའི་དུས་འགོར། རྩྭ་མདའ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་ཆེད། རིག་འཛིན་དབང་མོར་ཤོན་འཁྲབ་སྟོན་རུ་ཁག་གི་འགན་འཁུར་དུ་བཅུག་ཡོད། 1996ལོར། ཁོང་ཏང་ནང་ཞུགས་པ་དང་འབྲེལ་བསྟི་ཡག་གྲོང་ཚོའི་ཚོ་ཆུང་གི་འགོ་འཛིན་གནང་སྟེ། དུས་ཆེན་གལ་ཆེན་གྱི་རིང་འཁྲབ་སྟོན་རུ་ཁག་སྣེ་ཁྲིད་དེ་ས་ཆ་མང་པོར་བསྐྱོད་ནས་ཤོན་འཁྲབ་པས། བསྟི་ཡག་གི་ཤོན་གྱི་སྐད་གྲགས་སྔར་བས་ཆེ་རུ་ཕྱིན་ཏེ་རྩྭ་མདའ་རྫོང་གི་ཤོན་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། 1997ལོ་ནས་བཟུང་། སྲིད་གཞུང་གིས་ལོ་ལྟར་རིག་འཛིན་དབང་མོར་སྒོར་5000ལྷག་ཙམ་གྱི་ལས་མིའི་ཁ་གསབ་སྤྲད་དེ་ཤོན་རྒྱུན་འཛིན་བྱ་རྒྱུར་ཟུར་སྐྱོར་གནང་ཡོད། རིག་འཛིན་དབང་མོས་ཤོན་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པས་ངེས་པར་དུ་དར་རྒྱས་གོང་འཕེལ་བཏང་སྟེ། ཤོན་འཁྲབ་པ་བརྒྱུད་མི་རྣམས་ལ་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་བྱེད་དགོས་པའི་ཚོར་སྣང་ཟབ་མོ་བྱུང་།  དེར་བརྟེན། ཁོང་གིས་སློབ་མ་བསྡུ་བའི་བྱ་ཐབས་བརྒྱུད་ཤོན་རྒྱུན་འཛིན་གྱིས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་འགོ་བརྩམས། བཀྲ་ཤིས་གཡང་འཛོམས་ནི་རིག་འཛིན་དབང་མོའི་སློབ་མ་དང་པོ་དེ་ཡིན་པ་དང་། རིག་འཛིན་དབང་མོའི་སློབ་མ་མང་པོའི་ཁྲོད་ནས་ཤོན་འཁྲབ་མཁས་ཤོས་ཀྱི་གྲས་ཀྱང་ཡིན། ད་ཆ། རིག་འཛིན་དབང་མོའི་སློབ་མ་བཀྲ་ཤིས་གཡང་འཛོམས་ཀྱིས་ཀྱང་བདེ་ཆེན་ཆོས་སྒྲོན་དང་གཡང་འཛོམས་སོགས་སློབ་མར་བསྡུས་ཏེ་ཤོན་ལ་དགའ་ཞེན་ཆེ་བའི་ན་གཞོན་མང་པོའི་ཡིད་དབང་བཀུག་ཡོད་པས། ཤོན་འཁྲབ་སྟོན་གྱི་དཔུང་ཁག་ཀྱང་ཉིན་བཞིན་སྟོབས་ཆེར་ཕྱིན་ཡོད་ཅིང་། བསྟི་ཡག་གྲོང་ཚོའི་དུད་ཚང་70ཡི་མི་284ཡི་ནང་ནས་མང་ཆེ་བས་ཤོན་འཁྲབ་ཤེས་ཀྱི་ཡོད་པ་རེད། 


    རྒྱུན་འཛིན་གྱི་གོམ་སྟབས་ནམ་ཡང་མཚམས་འཇོག་མི་སྲིད་དེ།  ཉེ་བའི་ལོ་ཤས་རིང་། བསྟི་ཡག་ཤང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གང་ལེགས་ཐུབ་ཡོད།  ད་ཆ། རྩྭ་མདའ་རྫོང་དུ་ཁྱོན་ཤོན་གྱི་རྒྱུན་འཛིན་པ་5ཡོད་པའི་ནང་ནས་རྒྱལ་ཁབ་རིམ་པའི་ཤོན་གྱི་རྒྱུན་འཛིན་པ་1ན་ནིང་གྲོངས་པ་དང་། ད་ལྟ་རང་སྐྱོང་ལྗོངས་རིམ་པའི་ཤོན་གྱི་རྒྱུན་འཛིན་པའི་ཁྲོད་ནས་མི་1རྒྱལ་ཁབ་རིམ་པའི་ཤོན་གྱི་རྒྱུན་འཛིན་པར་རེ་ཞུ་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1