གནའ་བོའི་ལག་རྩལ་རྒྱུན་འཛིན་གྱིས། ཐབས་ལམ་གསར་པ་ཁྱབ་གདལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-20



—— བོད་ཀྱི་ལོ་ངོ་སྟོང་གི་ཚྭ་ཞིང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ།



 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚའོ་ཅན་དང་། ཧྥན་ཕེན། ཁྲེན་ཧྲང་ཚའེ།

     དབྱར་གཞུང་སླེབས་པས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་ཁོངས་ཀྱི་ཚྭ་ཁ་ལྷོ་རུ་ལོ་གཅིག་གི་ཚྭ་སྐེམ་པའི་དུས་ཚོད་ཡག་ཤོས་དེའང་མི་རིང་བར་མཇུག་འགྲིལ་ལ་ཉེ།

     “ཟླ་3པ་ནས་6པ་བར་ནི་ཚ་སྐེམ་པའི་དུས་ཚོད་ཡག་ཤོས་རེད། ཆར་ཞོད་ཚུགས་ན་ཚྭའང་ཡག་པོ་སྐམ་ཐུབ་ཀྱི་མ་རེད”ཅེས་བརྗོད་བཞིན་ལོ་53ལ་སླེབས་པའི་ལྕགས་རྟ་གྲོང་ཚོའི་གྲོང་མི་མིག་ལྷ་ཞོགས་པ་སྔ་པོ་ནས་ཚྭ་ཞིང་དུ་ཉིན་གང་གི་ལས་ཀ་བྱེད་འགོ་ཚུགས།

     མིག་ལྷ་ནི་གྲོང་ཚོའི་མི་རྒན་པ་ཚོས་ཚྭ་ཇི་ལྟར་བཟོ་མིན་ལ་བལྟས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། གནའ་བོའི་ལག་རྩལ་དེ་ཡང་ལྕགས་རྟ་གྲོང་ཚོར་རྒྱུན་འཛིན་བྱས་ནས་ལོ་ངོ་1300ལྷག་ཙམ་འགྲོ་ཡི་ཡོད།

     ཚྭའི་མདོག་ཁ་དང་དམིགས་སྒོ་ལ་གཞིགས་ཏེ། ཚྭ་ཞིང་ནས་སྟེང་འོག་བར་གསུམ་ལ་དབྱེ་སྟེ་བསྡུ་ཡི་ཡོད་ཅིང་། སྟེང་ཤོས་ནི་དཀར་པོ་ལྷད་མེད་པ་དེ་ཡིན་པས། སྤྱིར་ན་ཟས་རིགས་གཡོས་སྦྱོར་ལ་སྤྱོད་ཆོག་པ་དང་། བར་ཤོས་ལ་མྱགས་སའི་རྐྱེན་གྱིས་ཚྭའི་རྡོག་པོའང་དམར་པོར་གྱུར་པས། སྤྱིར་ན་འཕྲོད་སྦྱོར་གྱི་རིགས་ལ་སྤྱོད་ཆོག འོག་ཤོས་ཀྱི་ཚྭའི་མདོག་དེ་བས་དམར་ལ་མྱགས་ས་གང་ཙམ་འདྲེས་ཡོད་པས་སྤྱིར་ན་ཕྱུགས་ཟོག་ལ་སྟེར་གྱི་ཡོད།

    མིག་ལྷ་ཡིས་གསར་འགོད་པར་ཚྭ་ཆུ་ཚྭ་དོང་ནང་བླུཌ་པ་ནས་ཚྭ་རྡོག་མ་ཐོན་པར་སྤྱིར་ན་ཉིན་12ཡས་མས་འགོར་གྱི་ཡོད། ས་མཐོར་ཉི་འོད་ཚ་ལ་རླུང་པོ་ཆེ་བས་ཆུ་རྣམས་བསིངས་རྗེས་ཚྭ་ཞིང་རེ་ནས་ཚྭ་སྤྱི་རྒྱ་25ཡས་མས་དོན་གྱི་རེད་ཅེས་བརྗོད། མིག་ལྷའི་ཚྭ་ཞིང་13ནས་ལོ་ལྟར་ཁོ་མོར་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་རག་གི་ཡོད།

    ལྕགས་རྟ་གྲོང་ཚོ་གནས་ས་དེ་ལ་ཚྭ་ཁ་ལྷོ་ཞེས་འབོད་ཅིང་། དེ་ནི་བོད་དང་། སི་ཁྲོན། ཡུན་ནན་བཅས་ཀྱི་འདྲེས་མཚམས་སུ་གནས་པས། ལོ་རྒྱུས་ཐོག་སྔོན་མ་ཇ་རྟའི་ཚོང་ལམ་ནས་བོད་དུ་འཛུལ་སའི་ས་ཚིགས་གལ་ཆེན་ཞིག་རེད། སྔོན་མ་མི་རྣམས་ཀྱིས་ཚྭ་དང་ཟས་རིགས་སམ་ཡང་ན་འཚོ་བའི་མཁོ་ཆས་བརྗེས་ཏེ་འཚོ་ཐབས་འཕྱིད་པར་བྱེད་ཀྱི་ཡོད། ད་ལྟ་ཚྭ་ཁ་ལྷོ་རུ་ད་དུང་ཚྭ་ཞིང་3500ལྷག་ཙམ་ཡོད་པ་དང་མི་ཚང་གཅིག་ལ་མང་ཤོས་ལ་ཚྭ་ཞིང་50ལྷག་ཙམ་དང་ཉུང་ཤོས་ལ་ཚྭ་ཞིང་ལྔ་དྲུག་ཡོད་པ་རེད།

     2008ལོར་ཚྭ་ཁ་ལྷོའི་ཟ་ཚྭ་སྐེམ་པའི་ལག་རྩལ་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཅིང་། ཡུལ་སྐོར་ལས་རིགས་དར་བ་དང་སྦྲགས། འདི་གར་ཡོང་མཁན་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པས། གྲོང་ཚོའི་ནང་དུའང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་དམངས་སྲོལ་གནས་ཚང་གཉེར་ཡོད།

     གནའ་བོའི་ལོ་རྒྱུས་དང་རིག་གནས་ཕུད། ད་དུང་ཡུལ་ལྗོངས་ཧ་ཅང་མཛེས་ལ་དམིགས་བསལ་ཆེ་བ་དེ་ནི་ཚྭ་ཁ་ལྷོའི་ཚྭ་ཞིང་དུ་ཡུལ་སྐོར་བ་མང་པོ་སླེབས་པའི་རྒྱུ་མཚན་རེད།

    “ཡུན་ནན་གྲོང་གསེབ་ཀྱི་བུ་མོ་ཆུང་ཆུང”ཞེས་པ་ནི་གནའ་བོའི་གྲོང་སྡེ་གཙོ་བོར་བྱས་པའི་ཐད་གཏོང་བྱེད་མཁན་ཞིག་ཡིན་ཞིང་། ཚྭ་ཁ་ལྷོ་རུ་ཐད་གཏོང་ཉིན་མང་པོ་བྱས་ཡོད། “ཐད་གཏོང་བྱེད་མཁན་གྱིས་དྲ་དམངས་ལ་བརྙན་ཤེལ་བརྒྱུད་གནའ་བོའི་གྲོང་སྡེའི་ཁྱད་ཆོས་ཇི་མ་ཇི་བཞིན་མངོན་པར་བྱེད་པ་ནི་དེའི་ཁྱད་ཆོས་རེད”ཐད་གཏོང་བྱེད་མཁན་སྨི་ནཱ་ཡིས་ཚྭ་ཁ་ལྷོ་ནི་དམིགས་བསལ་ཆེ་བའི་ས་ཆ་ཞིག་རེད། ཚྭ་ཆུ་ལེན་པ་དང་། ཚྭ་རྡོག་བསྡུ་བ། ཚྭ་ཞིང་ལ་སྐྱོར་རྒྱག་པ། སྒལ་པར་ཚྭ་དབོར་བ་སོགས་ཚུད་པའི་གནའ་བོའི་ཚྭ་བཟོ་རྩལ་རྗེས་སྙེག་པར་ལེན་བྱེད་པ་ནི་ཐད་གཏོང་གི་གཙོ་གནད་ཅིག་རེད་ཅེས་བརྗོད།

    གྲོང་ཚོའི་ན་གཞོན་ཚོས་ཀྱང་དེ་བས་དར་སྲོལ་ཆེ་བའི་བྱ་ཐབས་བརྒྱུད་དྲ་ཐོག་ཏུ་གནའ་བོའི་ལག་རྩལ་དེ་ཁྱབ་གདལ་བཏང་སྟེ་མི་དེ་བས་མང་བས་ཚྭ་བཟོ་བའི་ལག་རྩལ་དང་དེའི་རྒྱབ་ངོས་ཀྱི་རིག་གནས་དང་ལོ་རྒྱུས་ལ་རྒྱུས་མངའ་ལོན་པ་བྱེད་ཀྱི་ཡོད།

     འདི་ལོ་ལོ་33ལ་སླེབས་པའི་གྲོང་མི་བཀྲ་ཤིས་ལྷ་མོས་ལས་ཞོར་ལ་རྟག་ཏུ་ལག་ཐོགས་ཁ་པར་འཁྱེར་ཏེ་ཚྭ་ཞིང་གི་ཡུལ་ལྗོངས་པར་བཏབ་ནས་བརྙན་ཐུང་བཟོ་བ་དང་། མཚམས་རེ་ཁོང་གིས་ད་དུང་ཐད་གཏོང་བྱས་ཏེ་རྒྱལ་ཡོངས་ས་གནས་ཁག་གི་དྲ་གྲོགས་ལ་འདི་གའི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་བྱེད་ཀྱི་ཡོད།

     ད་ཆ་བཀྲ་ཤིས་ལྷ་མོ་ནི་ཡུལ་དེར་སྐད་གྲགས་གང་ཙམ་ཆོད་པའི“དྲ་ཐོག་མིང་ཅན”ཞིག་རེད། ཉེ་བའི་ལོ་ཤས་རིང་། ཁོང་གིས་ལོ་ལྟར་དྲ་ཐོག་ཏུ་ཚྭ་དོ་པོ་3000ལྷག་ཙམ་བཙོངས་པས། མཚམས་རེ་རང་ཁྱིམ་ལའང་ཚྭ་མ་འདང་བར་གྲོང་མི་གཞན་དག་གི་ས་ནས་ཉོ་ཡི་ཡོད། “འཕྲོད་སྦྱོར་ཐད་སྤྱོད་པའི་ཚྭ་དམར་པོར་དགའ་པོ་བྱེད་མཁན་མང་པོ་འདུག ཡུལ་སྐོར་བ་མང་པོ་ཞིག་གིས་ཡུལ་སྐོར་ལ་ཡོང་སྐབས་ཉོས་རྗེས་ད་དུང་དྲ་ཐོག་ནས་སླར་ཡང་ཉོ་ཡི་འདུག”“ཡུལ་སྐོར་བ་མང་དུ་ཕྱིན་པ་དང་སྦྲགས་སྲོལ་རྒྱུན་གྱི་ཚྭ་བཟོ་རྩལ་ལའང་གསོན་ཤུགས་གསར་པ་རྒྱས་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་བཀྲ་ཤིས་ལྷ་མོས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1