དཀར་མཛེས་ཁུལ་གྱི་དགོན་སྡེའི་བཟའ་བཅའ་ཉེན་མེད་གསོ་སྦྱོང་དར་མདོར་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-21



   སྤྱི་ཟླ7པའི་ཚེས18ཉིན། དཀར་མཛེས་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་བཟའ་བཅའ་ཉེན་མེད་དོ་དམ་པའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགས། ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་འབྲེལ་ཡོད་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས་བཟའ་བཏུང་ཞབས་ཞུའི་ཟས་རིགས་ཉེན་མེད་བཀོལ་སྤྱོད་ལ་དོ་སྣང་བྱ་རྒྱུའི་གཙོ་གནད་དང་། ཐོལ་བྱུང་གི་བཟའ་བཅའ་ཉེན་མེད་དོན་རྐྱེན་འཚུབ་བསྟུན་ཐག་གཅོད་བྱ་རྒྱུ་སོགས་གསོ་སྦྱོང་ནང་ཞུགས་པའི་དགོན་སྡེའི་བཟའ་བཅའ་ཉེན་མེད་དོ་དམ་པ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་བཟའ་བཅའ་ཉེན་མེད་དོ་དམ་ལས་དོན་མི་སྣ97ལ་གོ་བདེ་ཤེས་སླའི་བོད་རྒྱ་སྐད་ཡིག་གཉིས་ཀྱིས་འགྲེལ་བཤད་བརྒྱབ་ནས་གསོ་སྦྱོང་གི་ནང་དོན་དངོས་གཉེར་དང་སྤྱོད་གོ་ཆོད་པོ་བྱས་པ་རེད།


   ཚོགས་འདུའི་ཐོག་དགོན་སྡེའི་བཟའ་བཅའ་ཉེན་མེད་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱ་དགོས་པར་བསྟན་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཟས་རིགས་ཉེན་མེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཟས་རིགས་ཉེན་མེད་དེ་ས་གནས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་དང་སྦྲགས་ནས་གཞི་རིམ་གྱི་འགན་ནུས་སྡེ་ཚན་ཁག་དང་། དགོན་སྡེའི་བཟའ་བཅའ་ཉེན་མེད་དོ་དམ་པས་ཞིང་ཆེན་དང་ཁུལ་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བཟའ་བཅའ་ཉེན་མེད་ལས་དོན་གྱི་གལ་ཆེའི་རང་བཞིན་དང་། དགོས་ངེས་རང་བཞིན། དགོས་གཏུག་རང་བཞིན་བཅས་ཀྱི་བསམ་བློའི་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་སྔོན་འགོག་གཙོ་བོར་འཛིན་པ་དང་། དགོན་སྡེའི་བཟའ་བཅའ་ཉེན་མེད་དོ་དམ་ལ་དམ་འཛིན་བྱས་ནས་བྱ་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། 

   དུས་བདེའི་དཀར་མཛེས། བཟའ་བཅའ་ཉེན་མེད་དགོན་སྡེར་སྤེལ་བའི་བྱ་སྤྱོད་མུ་མཐུད་ནས་སྐུལ་འདེད་གཏིང་ཟབ་གཏང་དགོས། རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་དགོན་པར《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་བྱེད་སྒོ་སྤེལ་ཡུལ་གྱི་བཟའ་བཅའ་ཉེན་མེད་དོ་དམ་བྱ་ཐབས》དྲིལ་བསྒྲགས་བྱས་ནས་དགོན་སྡེའི་བཟའ་བཅའ་ཉེན་མེད་དོ་དམ་མ་ལག་སྔར་བས་འཐུས་ཚང་དུ་བཏང་སྟེ་རྒྱ་ཆེའི་གྲྭ་བཙུན་གྱི་བཟའ་བཅའ་ཉེན་མེད་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། 

   བཟའ་བཅའ་ཉེན་མེད་ཀྱི་ཐོལ་བྱུང་དོན་རྐྱེན་འཚུབ་བསྟུན་ཐག་གཅོད་ནུས་པ་ཆེ་རུ་གཏང་རྒྱུར་ཤུགས་རྒྱག་དགོས།ཟ་ཁང་དུ་ཟ་མ་མཁོ་འདོན་དང་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་གྱི་བཟའ་བཅའ་ཉེན་མེད་འགན་ལེན་ལ་དམིགས་ཏེ་རྒྱུན་རྣམ་ཅན་གྱི་དོ་དམ་དང་ཉེན་ཁ་བརྡར་གཅོད་ལ་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པའི་སྤྱོད་གོ་ཆོད་པའི་འཚུབ་བསྟུན་ཐག་གཅོད་སྔོན་ཇུས་བཟོ་བ། ཐག་གཅོད་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། འཚུབ་བསྟུན་ནང་སྦྱོང་ལ་ཤུགས་སྣོན་པ། བཟའ་བཅའ་ཉེན་མེད་ཀྱི་དོན་རྐྱེན་ཐོན་པར་དོགས་ཟོན་ཏན་ཏིག་བྱེད་པ། བཟའ་བཅའ་ཉེན་མེད་ཀྱི་ཐོལ་བྱུང་དོན་རྐྱེན་དུས་ཐོག་ཏུ་ནུས་ལྡན་ངང་ཁ་གཏད་གཅོག་པ་བཅས་བྱ་དགོས། 

   ཚོགས་འདུ་གྲོལ་རྗེས་ཉག་ཆུ་རྫོང་དགོན་གསར་དགོན་པའི་བསྟན་འཛིན་གྱིས་ད་ཐེངས་ཀྱི་གསོ་སྦྱོང་ལས་དགོན་སྡེའི་བཟའ་བཅའ་ཉེན་མེད་ཀྱི་ཉེན་ཁའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་བས་དྲག་ཏུ་ཕྱིན་ནས་དགོན་སྡེའི་གྲྭ་བཙུན་གྱི་བཟའ་བཅའ་ཉེན་མེད་ཆུ་ཚད་མཐོ་རུ་གཏོང་བ་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བཤད། གོམ་སྟབས་རྗེས་མར་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་དགོན་སྡེའི་ཟ་ཁང་གི་བཟའ་བཅའ་ཉེན་མེད་ལྟ་སྐུལ་དོ་དམ་ལས་དོན་མུ་མཐུད་དུ་ཡག་པོ་བསྒྲུབས་ནས་དགོན་སྡེའི་ཟ་ཁང་གི་བཟའ་བཅའ་ཉེན་མེད་དོ་དམ་པ་དང་། ལས་ཞུགས་མི་སྣ་གསོ་སྦྱོང་བྱེད་པ། དགོན་སྡེའི་བཟའ་བཅའ་ལས་ཞུགས་མི་སྣར་བྱེད་ཐབས་སྣ་མང་གི་ཐོག་ནས་བཟའ་བཅའ་ཉེན་མེད་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ། བཟའ་བཅའ་ཉེན་མེད་ཀྱི་འདུ་ཤེས་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དགོན་སྡེའི་གྲྭ་བཙུན་གྱི་བཟའ་བཅའ་ཉེན་མེད་འགན་ལེན་ནུས་ལྡན་བྱ་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1