ཧན་ཀྲེང་གིས་ཉིང་ཁྲི་དང་ཡུལ་ཤུལ་དུ་བརྟག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 07-21



        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་7ཚེས་14དང་15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་བོད་ལྗོངས་ཉིང་ཁྲི་དང་མཚོ་སྔོན་ཡུལ་ཤུལ་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། འདུ་འགོད་གལ་ཆེན་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཧན་ཀྲེང་ཁྲོན་བོད་ལྕགས་ལམ་གསེར་སྐྱེམས་ལ་ཕུག་ལམ་གྱི་ཐོན་སྒོའི་ལས་ཡུལ་དུ་ཕེབས་ནས་འགྲེམས་པང་ནས་ལས་གྲྭ་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་མཁྱེན་རྟོགས་དང་། ཕུག་ལམ་གྱི་ཨར་ལས་བྱ་ཡུལ་དུ་ཕེབས་ཏེ་ཨར་ལས་བྱེད་ཚུལ་ལ་རྟོག་ཞིབ་དང་ཉང་ཆུའི་བྱེ་རྡོ་ལས་སྣོན་བྱེད་སར་ཕེབས་ནས་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་བཟོ་རྩལ་མཁྱེན་རྟོགས་གནང་བ་རེད། ཧན་ཀྲེང་གིས་ཁྲོན་བོད་ལྕགས་ལམ་བསྐྲུན་པ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེས་ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་ཁྲོན་བོད་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།

        རྣམ་གྲངས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་སྤུས་ཚད་ལ་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་དགོས། རང་རྒྱལ་ནས་ཐོན་པའི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཨར་སྐྲུན་རང་འགུལ་ཅན་དང་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཨར་སྐྲུན་རྒྱུ་ཆ་སྔར་ལས་མང་བ་ཐོན་སྐྱེད་དང་བེད་སྤྱོད་བྱེད་དགོས་ཞེས་གསུངས་པ་རེད། ཧན་ཀྲེང་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ཕེབས་ཏེ་བོད་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་དང་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་གྱི་གཙོ་གནད་ལས་གྲྭའི་འཆར་འགོད་འཛུགས་སྐྲུན་བྱས་ཚུལ་གྱི་སྙན་སེང་གསན་ཞིང་། ཁོང་གིས་ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་བྱ་རྒྱུར་སྤྱི་འདོམས་བྱས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་དགོས། ལས་གྲྭ་གལ་ཆེན་འཛུགས་སྐྲུན་བྱེད་པར་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱ་རྒྱུ་མཐའ་འཁྱོངས་དང་། ས་གཤིས་ཀྱི་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་སོགས་རྒྱུ་རྐྱེན་མང་པོར་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།

        ཧན་ཀྲེང་ཡུལ་ཤུལ་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ཚུལ་གྱི་སྙན་སེང་གསན་པ་དང་། རྒྱང་ཁྲིད་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་བརྒྱུད་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་རྣམ་པ་དངོས་ལ་གཟིགས་ཞིབ་གནང་ནས། གཞི་རིམ་གྱི་ལས་བྱེད་པ་དང་བདག་སྐྱོང་བ་དང་བརྙན་ལམ་ནས་སྤེལ་རེས་གནང་བ་དང་། གཞི་རིམ་གྱི་བདག་སྐྱོང་བར་འཚམས་འདྲི་ཞུས་ཤིང་། གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་དྲན་གསོའི་རྡོ་རིང་གནས་ཡུལ་དུ་ཕེབས་ནས་འབྲི་ཆུའི་ཆུ་ཁོངས་དང་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་སྟེ་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1