༄༅།། གནས་མཆོག་རུ་དམ་གངས་ཀྱི་ར་བ།

ཀརྨ་རྒྱལ་མཚན་ནས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-21




ཀརྨ་རྒྱལ་མཚན་ནས་བསྒྲིགས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས། 

 


རུ་དམ་གངས་ཀྱི་ར་བ། 




         རུ་དམ་གངས་ཀྱི་ར་བ་ནི་མདོ་ཁམས་སྡེ་དགེའི་ཡུལ་གྲུ་ལས་རུ་དམ་ལུང་པ་སྟེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་རྫོགས་ཆེན་ཡུལ་ཤོག་ཏུ་ཆགས་ཡོད་པ་དང་། རྫོང་མི་དམངས་སྲིད་གཞུང་གི་གནས་ཡུལ་དགོན་ཆེན་གྲོང་རྡལ་གྱི་བར་རྒྱང་ཐག་སྤྱི་ལེ་166ཡོད། སའི་ཆགས་རིམ་ལ་ཆ་སྙོམས་མཚོ་འཕགས་སྨི་3940ཙམ་ཡོད། གནས་འདི་ནི་མདོ་ཁམས་ཕྱོགས་ཀྱི་ཕུལ་དུ་བྱུང་བའི་མཛེས་ལྗོངས་ཡིན་ལ། ཉེར་འཁོར་དུ་གསང་སྔགས་རྙིང་མ་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཏེ་རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དང་། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ཆགས་ཡོད། གླིང་གེ་སར་གྱི་འཆམ་སྲོལ་ཐོག་མ་རྫོགས་ཆེན་དགོན་སྡེ་འདི་ནས་དར་རྒྱས་བྱུང་བ་ནས་བཟུང་རིམ་གྱིས་འཕེལ་ཞིང་ད་ལྟའི་བར་གླིང་གེ་སར་རྒྱལ་པོ་ཕུ་ནུ་དང་བཅས་པའི་གར་འཆམ་རྒྱས་པ་གནང་སྲོལ་ཡོད།


 

རུ་དམ་ཤྲཱི་སེང་། 




         གནས་འདི་ལ་གནས་ཡིག་རྒྱས་བསྡུས་མང་པོ་ཡོད་པ་ལས་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་རུ་དམ་གནས་ཡིག་ཏུ། མཁའ་སྤྱོད་ས་ལ་འཕོས་པ་བདེ་ཆེན་ཞིང་། །ཕ་ཡུལ་པདྨ་བཀོད་ཀྱི་གནས་བཟང་དེའི། །ཆ་ལག་རུ་དམ་སྐྱིད་ཁྲམ་ལུང་པ་ནི། །རི་དབྱིབས་པདྨ་ཁ་ཕྱེས་ལྟ་བུ་ལ། །རྒྱབ་མདུན་དར་དཀར་ཡོལ་བ་དཀྲིས་པ་འདྲ། །ཤར་ཕྱོགས་ཐང་ལ་རྟ་མཆོག་འདྲ་བའི་བྲག །གུ་རུ་ཐོད་ཕྲེང་སྡེ་ལྔའི་རང་བྱོན་ཡོད། །གནས་དེའི་བྱང་ཤར་ཚེས་བརྒྱད་འདྲ་བའི་བྲག །གནོད་སྦྱིན་འབར་བ་སྤུན་བདུན་ཕོ་བྲང་ཡོད། །མདུན་དུ་རྩི་ཤིང་དམར་པོ་ཡལ་འདབ་ལྡན། །དབྱར་དུས་ཁྲག་གི་རྒྱ་མཚོ་ཅུང་ཟད་འཁྱིལ། །ཀླུ་བཙན་མངོན་དུ་རྒྱུ་བའི་ར་གཞོབ་འཐུལ། །ལྷོ་ངོས་གངས་རི་ལྷུན་ཆགས་ངོས་དཀྱིལ་གྱི། །བྲག་ལ་རྗེ་བཙུན་སྒྲོལ་མ་དངོས་སུ་བཞུགས། །མེ་ལྷའི་མཚམས་སུ་འཇམ་དཔལ་གཤིན་རྗེ་ཡི། །ཕོ་བྲང་ངོས་ལ་དེའི་འདབས་འབབ་ཆུའི་རྒྱུན། །གངས་ཆུ་ཤུགས་དྲག་ལྡན་པ་བདུད་རྩིའི་ཆུ། །གཤིན་རྗེའི་དྲག་སྔགས་དུ་ཏྲི་ཕུ་ཏྲི་དང་། །ཡ་མ་རཱ་ཛ་ཡ་མ་རཀྴ་སྒྲོགས། །དྲང་སྲོང་མཉམ་བཞག་ལྟ་བུའི་སྒྲུབ་སྡེ་ཆགས། །འདབས་སུ་སྨན་བཙུན་མཁའ་འགྲོའི་ཕོ་བྲང་ཡོད། །ནུབ་བྱ་རི་བོང་རྣ་བ་སྦྲེལ་འདྲའི་བྲག །སྤྱན་རས་གཟིགས་དང་སྒྲོལ་མ་དཀར་མོའི་སྐུ། །རང་བྱོན་གཟུངས་སྔགས་མ་ཎི་ཡིག་དྲུག་དང་། །ཨཱརྱ་ཏ་རེ་བྲག་གི་སྡེབ་གཉིས་ཡོད། །བྱང་ཕྱོགས་རླུང་ལྷ་གནས་པ་ཕ་བོང་བདུན། །རྣམ་སྲས་ཛཾ་ལྷའི་ཕོ་བྲང་དངོས་ཡིན་ཡང་། །དམ་ཅན་རྡོར་ལེགས་ཆོས་རྒྱལ་སྐུ་ལྔ་སོགས། །རང་བྱོན་བྲག་གི་ངོ་ལ་གསལ་དོད་ཡོད། །འདབས་སུ་འབབ་ཆུའི་སྒྲ་ལ་བེ་ཤྲཱི་སྒྲོགས། །ཡུལ་དབུས་ཨོ་རྒྱན་བསམ་གཏན་ཆོས་ཀྱི་གླིང་། །སྟེང་ན་རྩ་གསུམ་མཁའ་འགྲོ་སྤྲིན་ལྟར་གཏིབ། །བར་ན་མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབ། །གཤམ་ན་བསྟན་སྲུང་ཐམས་ཅད་གློག་ལྟར་འཁྱུག །མདོ་སྔགས་བཤད་སྒྲུབ་ཆོས་སྒྲའི་གླུ་དབྱངས་ལེན། །དེ་འདྲའི་གནས་ཀྱི་བཀོད་པ་ངོ་མཚར་བ། །བསམ་མི་ཁྱབ་ཀྱང་མདོར་བསྡུས་ཙམ་ཞིག་བཀོད། །འདི་ལ་ཕྱག་བསྐོར་བྱས་པའི་ཕན་ཡོན་ནི། །དད་མོས་ཅན་གྱིས་སྟོང་ཕྲག་གཅིག་བསྐོར་བ། །དུང་ཕྱུར་གཅིག་ཏུ་འགྱུར་ཞིང་ལས་སྒྲིབ་དག །དངུལ་དཀར་མེ་ལོང་བག་རྡུལ་ཕྱིས་པ་འདྲ། །ཕྱི་མ་སྐུ་གསུམ་ཞིང་ཁམས་མངོན་སུམ་མཐོང་། །གླིང་བསྐོར་ཕན་ཡོན་དེ་འདྲར་ཤེས་པར་གྱིས། །དུས་བཟང་རྣམས་སུ་མཐའ་བསྐོར་སུམ་བརྒྱ་ལ། །གོང་གི་འགྱུར་ཡོད་དེ་འདྲ་སྙིང་ལ་ཞོགས། །གཙུག་ལག་ཁང་དངོས་འདི་ལ་སྟོང་བསྐོར་གཉིས། །དུང་ཕྱུར་འགྱུར་ཡོད་ཉ་སྟོང་བརྒྱད་གསུམ་དང་། །ཆོ་འཕྲུལ་དུས་ཆེན་ཤར་ཚེ་བརྒྱ་བསྐོར་གསུམ། །དཱེ་བཱི་ཀོ་ཊ་བསྐོར་དང་ཁྱད་པར་མེད། །སྤྱིར་ན་ལྔ་བདོའི་སྡིག་སྒྲིབ་རྐྱེན་གོས་སམ། །ངེས་བསལ་ཕྱིར་དུ་དམ་སྡོམ་གཙང་མ་ཡིས། །སྨེ་བརྩེགས་རྣམ་འཇོམས་རི་ཁྲུས་ལྷ་བསང་སོགས། །འབད་ན་འཕྲལ་ཕུག་ཡ་མཚན་རིམ་བཞིན་གསལ། །དད་མོས་ཅན་གྱི་དགེ་ལེགས་རེ་སྐོང་ཕྱིར། །ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེས་བྲིས། །འབྲེལ་ཚད་སྒྲིབ་སྦྱངས་སྐུ་གསུམ་མངོན་གྱུར་ཤོག །མངྒལཾ། །ཞེས་པ་ལྟར་གནས་མཆོག་འདིའི་ཕུ་ན་བརྗིད་ཆགས་གངས་ཀྱི་རི་བོ་རབ་ཏུ་མཛེས་ཤིང་། སྐེད་ན་རྫ་བྲག་དང་ནགས་ཚལ་གྱིས་ཀུན་ནས་ཕྱུག་པ། ཕྱོགས་དང་ཕྱོགས་མཚམས་སུ་མཚོ་དང་མཚེའུ་དུ་མས་བརྒྱན་པ། གནམ་དབྱིབས་འཁོར་ལོ་རྩིབས་བརྒྱད་དང་། ས་དབྱིབས་པདྨ་འདབ་བརྒྱད་ཀྱི་ཚུལ་དུ་ཆགས་ལ། ཤར་ཕྱོགས་ཉི་ཟླའི་འཆར་ལམ་ཡངས་ཤིང་། ལྷོ་ཕྱོགས་ནོར་བུའི་རིན་ཆེན་སྤུངས་པ། ནུབ་རི་དར་གྱི་ཡོལ་བ་བརྒྱབ་ནས་བྲེས་ཤིང་། བྱང་རི་བཙན་པོའི་འགག་སྒོ་བསྡམས་པ། ཕྱོགས་བཞིར་སྲུང་ཆེན་བཞི་དང་བར་མཚམས་བཀྲ་ཤིས་རྟགས་བརྒྱད་ཀྱི་དབྱིབས་སུ་མངོན་པའི་རི་ཕྲན་གྱི་ར་བས་ཀུན་ནས་བསྐོར་བ་བཅས་སའི་དཔྱད་པ་བཟང་པོ་ཐམས་ཅད་ཡོངས་སུ་ཚང་ཤིང་། གནས་འདིར་འོང་པའི་རྒྱལ་ཕྱི་ནང་གི་ཡུལ་བསྐོར་ལྗོངས་རྒྱུ་བ་ཀུན་གྱིས་མཛེས་པའི་ཡུལ་ལྗོངས་ཞེས་མགྲིན་དབྱངས་གཅིག་གྱུར་གྱིས་བསྔགས་བརྗོད་བྱེད་པ་སོགས་མཐུན་སྣང་གི་བཀོད་པ་དང་། གསང་བ་ལྟར་ན་ཨོ་རྒྱན་རིན་པོ་ཆེས་རྫུ་འཕྲུལ་གྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་གངས་རི་ཉེར་ལྔ་རུ་གྲགས་པ་ལས་ཡོན་ཏན་གནས་ཀྱི་གཙོ་བོ་འདི་ཉིད་ཡིན་པ་དང་། མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་ལུང་གནས་ཡིག་དང་། དཔའ་བོ་ལས་རབ་རྩལ་སྐུ་ཕྲེང་གཉིས་པའི་གཏེར་ལུང་གནས་ཡིག །རྫོགས་སྤྲུལ་བཞི་པ་དང་ལྔ་པའི་ཞལ་གསུང་གནས་ཡིག་སོགས་ལས་ཕྱི་ནང་གསང་བའི་གནས་བཀོད་བསམ་གྱིས་མི་ཁྱབ་པ་གསུངས་པ་འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །


 

ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་། 


 

དེང་གི་རྫོགས་ཆེན་དགོན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1