བརྩེ་སེམས་ཟབ་མོས་མི་སེམས་དྲོས། རྒྱང་ལམ་གསར་པར་འབད་འབུངས་བྱེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 07-25


 

འདི་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ཤང་གི་ལྷོ་པ་རིགས་དང་། རྒྱ་རིགས། བོད་རིགས་བཅས་ཀྱི་གཞོན་ནུ་ཚོས་མི་རིགས་མཐུན་སྒྲིལ་སྐོར་གླེང་བཞིན་པ། 

 འདི་ནི་ནག་ཆུ་ནས་ལྷ་སའི་བར་གྱི་མྱུར་བགྲོད་གཞུང་ལམ་ཡིན་པ། 

 འདི་ནི་ཉིང་ཁྲི་གྲོང་ཁྱེར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ། 

 འདི་ནི་སྒྲོལ་དཀར(གཡོན)གྱིས་བུ་མོ་པ་སངས་སྒྲོལ་དཀར་ལ་ཁོང་གིས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བའི་ཡུལ་སྨད་ཀྱི་གཏམ་རྒྱུད་བརྗོད་བཞིན་པ། 

 ཟླ་བདུན་པའི་ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་ནས་དལ་གྱིས་འཕགས་ཏེ་བོད་ཤར་གྱི་རོང་ཆེན་དང་། གནའ་གྲོང་ལྷ་ས། ཇོ་མོ་གླང་མའི་འདབས། བོད་ལྗོངས་བྱང་ཐང་གི་རྩྭ་ཐང་དུ་འཕྲོ་བཞིན་མཆིས།

 གངས་ལྗོངས་ས་གཞི་ཆེ་མོར་ཕྱོགས་སྐབས། རི་ཀླུང་ཀུན་ཏུ་དམར་མདངས་རྒྱས་པ་དང་། ནགས་ཚལ་དང་རྩྭ་རྩི་ཤིང་སྔོ་ལྗང་གིས་བརྒྱན་པའི་རྣམ་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་བརྩེ་སེམས་ཟབ་མོ་གནང་བ་དང་གཅིག་ཏུ་མཚུངས།

 1998ལོའི་ཟླ་དྲུག་པ་དང་བདུན་པར་སྐབས་དེའི་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཧྥུའུ་ཅན་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་ཐུགས་སུ་བཅངས་ཏེ་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་གཉིས་པའི་སྣེ་ཁྲིད་དེ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་ཕེབས་ནས་ལས་བྱེད་པ་དང་མང་ཚོགས་ཚོར“ཡང་འབད་བསྐྱར་འབད་ཀྱིས་ལེའུ་གསར་པ་རྩོམ་དགོས་པའི”སྐུལ་ལྕག་གནང་བ་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་བརྗེད་ག་ལ་སྲིད།

 2011ལོའི་ཟླ་7པར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་སླར་ཡང་གངས་ལྗོངས་ས་མཐོར་ཕེབས་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུས་ཏེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་བོད་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་ས་མཐོའི་ལས་བྱེད་པ་དང་མང་ཚོགས་ཚོས་དེ་བས་ཀྱང་བརྗེད་ག་ལ་སྲིད།

 ལོ་བཅུ་ཡི་རྗེས་སུ་སླར་ཡང་ཟླ་བདུན་པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་སླར་ཡང་བོད་ལྗོངས་སུ་གཟིགས་ཞིབ་གནང་སྟེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་ཡོད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་དེ་ལས་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཡོད།

 བློ་མཐུན་ཞི་ཅིན་ཕིང་གིས་འགོ་ཁྲིད་ཀྱི་ལས་གནས་མི་འདྲ་བ་གསུམ་བཞེས་རིང་སྐུ་ངོ་མ་གངས་ལྗོངས་ས་མཐོར་ཐེངས་གསུམ་ཕེབས་པ་དེ་ཐོག་ནས་མི་དམངས་གཙོ་འཛིན་གྱི་མཚོ་ལས་ཟབ་ཅིང་ཆུ་མོ་ལས་རིང་བའི་བརྩེ་སེམས་ཟབ་མོ་མངོན་ཡོད།

 2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ནན་པོ་བཅས་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་གཏོང་བ་དང་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

 ལོ་གཅིག་ཏག་ཏག་འཁོར་བའི་ལོ་རྒྱུས་ཀྱི་དུས་མཚམས་འདིར་སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས་ཀྱི་ཞབས་རྗེས་དྲན་གསོ་བྱེད་སྐབས། བཀའ་དྲིན་ཆེན་པོ་བརྗེད་མི་སྲིད་ཅིང་། ན་ནིང་ནས་ད་ལྟའི་བར་ངོ་མཚར་འབུམ་གྱིས་ཕྱུག་པའི་དྲན་གསོ་དེ་སྤྱི་ཁྱབ་ཧྲུའུ་ཅིས་ཐབས་འགོད་ཇུས་འདོན་དང་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དྲིན་ཚོར་འབད་འབུངས་བྱས་པ་བཅས་ལས། ངོ་མཚར་ཆེ་བའི་ས་གཞི་འདིར་སེམས་ཤུགས་རབ་ཏུ་འཕེལ་ཞིང་ཟིལ་རླབས་དགུང་འཕྱུར་གྱི་དུས་རབས་ཀྱི་བསྟོད་གླུ་ཞིག་གྱེར་ཡོད་ལ། ལྟ་བས་མི་ངོམས་ཤིང་དགེ་མཚན་ཁྲི་སྟོང་མང་པོ་འདུས་པའི་ལེའུ་གསར་རྐྱང་ཞིག་ཀྱང་བརྩམས་ཡོད།

 —— སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་བྱུང་བ། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་འགོག་ཟོན་དང་རྡུང་རྡེག་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་སྤྱི་ཚོགས་ཀྱི་བདེ་འཇགས་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ལ་བློ་ཡིད་ཚིམ་ཚད་99.74%ཟིན་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ནས་ལྗོངས་ཡོངས་ཆོས་ལུགས་ཞི་དུལ་དང་། མི་རིགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བཅས་བྱུང་ཡོད།

 —— དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་བཟང་བ། 2021ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2000ལས་བརྒལ་ནས་7%ལྷག་ཙམ་འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་11%ཡན་འཕར་བ་དང་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་10%ལྷག་ཙམ་འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%དང་14%འཕར་ནས་ནུབ་རྒྱུད་ས་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།

 —— སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བྱུང་བ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཙང་བཤེར་གོ་རིམ་ལྡན་པའི་ངང་སྤེལ་ཡོད། 50%ཡི་རྒྱལ་ཁབ་ས་ཆའི་བར་མཐོངས“ཚད་གསུམ་ཐོ་གཅིག”གི་སྔོན་ལ་སྲུང་སྐྱོང་བྱེད་ཁོངས་སུ་བཅུག་ཡོད། བོད་རང་སྐྱོང་ལྗོངས་རིམ་པའི་འདམ་ར་གལ་ཆེན་གྱི་མིང་གཞུང་ཁག་དང་པོ་ཡོངས་བསྒྲགས་བྱས་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གདང་ལའི་བྱང་རྒྱུད་ཁུལ་ཆོག་མཆན་ཐོབ་ནས་བཙུགས་ཡོད། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང(ཆུས)3གསར་དུ་བཙུགས་ཡོད། སྦགས་བཙོག་ཉུང་འཕྲི་དང་ཐཱན་ཚད་ཉུང་གཏོང་མཐུན་སྦྱོར་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་དུ་རྒྱུན་འཁྱོངས་ཐུབ་ནས་ནམ་མཁའ་གཡའ་དག་པ་དང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་ཤིང་གཙང་བ་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་བྱུང་ཡོད།

 —— མཐའ་བརྟན་མཐའ་སྟོབས་ལ་སྐུལ་འདེད་ནུས་ལྡན་བཏང་བ། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་ཞིང་། ཕད་གྲོང་རྡལ་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་ཡན་ལག་གནམ་ཐང་3བསྐྲུན་པར་གང་མགྱོགས་སྐུལ་འདེད་བཏང་ཡོད། མཐའ་མཚམས་རྫོང་གྲོང་ཚང་མར་ཚད་ལྡན་ཅན་གྱི་ཆུ་མཁོ་འདོན་བཟོ་གྲྭ་དང་འཚོ་བའི་གད་སྙིགས་སྦས་ས་བསྐྲུན་ཡོད། མཐའ་མཚམས་རྫོང་21ལ་དམིགས་འཛུགས་རོགས་རམ་ལག་བསྟར་བྱེད་འགོ་ཚུགས་པས་མཐའ་མཚམས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དུས་མཚམས་གསར་པར་སླེབས་ཡོད།

 ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་བློ་གཅིག་སེམས་གཅིག་དང་འབད་འབུངས་ཡར་བརྩོན་གྱིས་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་གང་ཐུབ་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད།

 “ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་སེམས་ནུས་གཅིག་སྒྲིལ་ངང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ་ང་ཚོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད”

 འབྲས་སྤུངས་དགོན་གྱི་ཚོགས་ཆེན་འདུ་ཁང་གི་རྡོ་གཅལ་དུ་དགེ་འདུན་པ་ངག་དབང་ཆོས་འཛིན་གྱིས་ལོ་གཅིག་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གནས་ཚུལ་ལ་སླར་ཡང་ཕྱིར་དྲན་བྱས།

 “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མཇལ་དར་ཕུལ་ནས་དགོན་སྡེའི་ལས་ཀའི་གནས་ཚུལ་སྙན་སེང་ཞུ་བའི་གོ་སྐབས་བཟང་པོ་བྱུང་བ་དེས་ང་ལ་སྤོབས་པ་ཆེན་པོ་སྐྱེས་པ་མ་ཟད། དགོན་སྡེའི་དགེ་འདུན་དམངས་ཀྱི་གཟི་བརྗིད་ཀྱང་རེད”ལོ་དྲུག་ཅུར་སླེབས་ལ་ཉེ་བའི་ངག་དབང་ཆོས་འཛིན་དགོན་པར་སླེབས་ནས་ལོ་ངོ་40སོང་ཞིང་། དགེ་འདུན་པ་དཀྱུས་མ་ཞིག་ནས་ད་ཆ་འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པར་འགྱུར་བའི་བར། འབྲས་སྤུངས་དགོན་ཕྱག་བཏབ་ཚུན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་མཐོ་ཤོས་འབྲས་སྤུངས་དགོན་དུ་ལས་དོན་ལ་གཟིགས་ཞིབ་གནང་ཐེངས་དང་པོ་མིག་མཐོང་ལག་ཟིན་བྱུང་བས་ངག་དབང་ཆོས་འཛིན་ལ་སེམས་འགུལ་ཚད་མེད་ཐེབས།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོས་དགེ་འདུན་པ་ཡོངས་ལ་ལྕག་སྐུལ་ཆེན་པོ་ཐེབས་པ་དང་སེམས་ཤུགས་རབ་ཏུ་འཕེལ——

 “ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག རང་ཚུགས་དང་། རང་བརྟེན། རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས”

 “བོད་བརྒྱུད་ནང་བསྟན་འཕེལ་རྒྱས་གཏོང་སྐབས་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་བར་ཕན་པ་ཐོན་པ་དང་སྤྱི་ཚོགས་བརྟན་ལྷིང་ལ་ཕན་པ་ཐོན་པ་བྱེད་དགོས། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བ་བྱེད་དགོས”

 “བོད་བརྒྱུད་ནང་བསྟན་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རེ་བ་ཡོད་ལ། འགྲོ་ལམ་དེ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་དང་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡག་ཏུ་འགྲོ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད”

 ལོ་གཅིག་རིང་། འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གཙོ་རྐང་ལ་བརྩིས་ནས། “ཚད་གཞི་བཞིའི”སློབ་གསོ་ལག་ལེན་བྱེད་སྒོ་དང“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོར་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་གཏོང་བའི་ཕྱོགས་ཚང་མར་དོན་འཁྱོལ་བྱས་ཡོད།

 འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་དྲིལ་བསྒྲགས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་ཉི་མ་བཀྲ་ཤིས་ཀྱིས། 2021ལོ་ནས་བཟུང་དོ་དམ་ཨུ་ལྷན་གྱིས་དགེ་འདུན་པ་སྒྲིག་འཛུགས་བྱས་ནས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་སྤྲུལ་སྐུའི་ཡང་སྲིད་བཙལ་འཚོལ་སྲིད་ཇུས་ཀྱི་རེས་སྐོར་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་10གཉེར་བ་དང་། ཆོས་ལུགས་ལས་དོན་མི་སྣའི་བཅའ་ཁྲིམས་ཤེས་བྱའི་ཚོད་རྒྱུགས་དང་། བོད་ཡིག་ཡིག་གཟུགས་འགྲན་བསྡུར། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། ལྟ་སྐོར། སློབ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་བས་རྒྱ་ཆེའི་དགེ་འདུན་པ་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

 བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་ནས། མིག་སྔར་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ་སྤེལ་བཞིན་པའི“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་དེ“དོན་ཆེན་བཞི”དོན་འཁྱོལ་དང་། “འཛུགས་གཏོད་བཞིར”སྐུལ་འདེད། “མདུན་གྲལ་དུ་སླེབས་པ་བཞི”བྱེད་པ། “མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པ”བཅས་ཀྱི་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།

 ན་ནིང་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བར་སྐོར་དུ་ཕེབས་སྐབས་ཐུགས་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས“ང་ལོ་23གྱི་གོང་ཐེངས་གཅིག་ཡོང་མྱོང་ཡོད། ད་ཆ་འཛུགས་སྐྲུན་ཡག་པོ་བྱས་འདུག རྒྱལ་ཡོངས་ས་གནས་ཁག་གི་མི་ཚང་མ་འདི་གར་ཡོང་ནས་བྱ་གཞག་གཉེར་བ་དང་། ཞབས་སྐོར། ཡུལ་སྐོར་བཅས་བྱེད་པར་ཡོང་གི་ཡོད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་ནི་ང་ཚོ་མི་རིགས་ཁག་གིས་བསྐྲུན་པའི་བར་སྐོར་རེད། མི་རིགས་ཁག་གི་རིག་གནས་འདི་གར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱུང་ནས་རང་རེའི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོ་འདི་གར་འཆམ་མཐུན་ངང་གནས་ཡོད”ཅེས་གསུངས།

 བར་སྐོར་གྱི་མཐའ་འཁོར་དུ་མི་རིགས་མི་འདྲ་བའི་མང་ཚོགས་མཉམ་དུ་སྡོད་པའི་སྒོ་ར་ཆེ་ཆུང་བརྒྱ་ལྷག་ཙམ་ཡོད། ཁྲོམ་གཞུང་དང་སྲང་ལམ་གང་ས་ནས་མཐུན་སྒྲིལ་རོགས་རེས་ཀྱི་གཏམ་རྒྱུད་ཐོས་རྒྱུ་ཡོད།

 བར་སྐོར་སྐྱིད་རས་སྲང་ལམ་དང་པོའི་སྒོ་རྟགས་བཅུ་གཅིག་པའི་དམག་ཁང་སྒོ་ར་ཆེན་པོར་དུད་ཚང་60ལྷག་ཙམ་དང་མི་རིགས་ཁག་གི་མང་ཚོགས་100ལྷག་ཙམ་འཚོ་བ་སྐྱེལ་གྱི་ཡོད། མལ་གྲོ་གུང་དཀར་རྫོང་ནས་ཡིན་པའི་གྲགས་པ་དང་ནང་མི་རྣམས་སྒོ་ར་དེར་འཚོ་བ་བསྐྱལ་ནས་ལོ་30ལྷག་ཙམ་སོང་ཞིང་། ཁོང་གིས་བོད་ལྗོངས་ཀྱི་ལོ་གསར་སྐབས་གྲོང་པ་ཕན་ཚུན“ཕྱེ་མར”འགྱོགས་རེས་བྱེད་ཀྱི་ཡོད། ཚང་མའི་འཚོ་བའི་གོམས་གཤིས་དང་། སྐད་ཆ། ཡུལ་སྲོལ་སོགས་མི་འདྲ་མོད། འོན་ཀྱང་ཕན་ཚུན་རོགས་རེས་བྱས་ནས་གཅེན་གཅུང་མིང་སྲིང་ལྟར་འཆམ་པོ་ཡོད་ལ། སྒོ་ར་དེའང་ཁྱིམ་ཚང་ཆེ་མོ་ཞིག་དང་འདྲ་ཞེས་བརྗོད།

 བར་སྐོར་གྱི་རྣམ་པ་ལས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་མི་རིགས་ཁག་གི་མི་དམངས་རྣམས་མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཞིང་། ད་ཆ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་མི་སེམས་སུ་ཟུག་པ་དང་། སྤུན་ཉེའི་བརྩེ་སེམས་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་དྲོ་སྐྱིད་ལྡན་པའི་རྣམ་པ་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་ཁྱབ་ཡོད།

 “བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་པ་བྱེད་དགོས་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་འགྲོ་བར་ཕན་པ་ཡོད་པ་མཐའ་འཁྱོངས་བྱེད་དགོས”

 “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང”དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟག་ཏུ་གསུངས་པའི་བཀའ་མོལ་དང་། བབ་ཆགས་ལ་དོན་སྙིང་ལྡན་པའི་བཀའ་མོལ་ཞིག་རེད། བརྗིད་ཉམས་ཆེ་བའི་དམ་བཅའ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་གོང་དུ་བཀུར་བའི”སྲིད་སྐྱོང་འདུ་ཤེས་ལ་འགྲེལ་བཤད་ཡག་ཤོས་བསྐྱོན་པ་ཞིག་རེད།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོང་ཁང་དུ་ཕེབས་ནས་གཟིགས་ཞིབ་གནང་བའི་གནས་ཚུལ་སྐོར་གླེང་སྐབས་ལྷ་སའི་བར་སྐོར་དུ་ཡོད་པའི་འདོད་འཇོ་ཚང་བོད་ཆས་ཚོང་ཁང་གི་སྒྲོལ་མར་སེམས་འགུལ་ཆེན་པོ་ཐེབས།

 2021ལོའི་ཟླ་7ཚེས་22ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅིས་ཞབས་ཐང་མར་བར་སྐོར་གྱི་རྣམ་པར་གཟིགས་ཤིང་ཁྱད་ལྡན་ཚོང་ཁང་ལ་ཕེབས་ཏེ་ཡུལ་སྐོར་རིག་གནས་བསམ་བཀོད་གསར་གཏོད་ཐོན་ལས་འཕེལ་རྒྱས་དང་བོད་ཀྱི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་།

 “སྤྱི་ཁྱབ་ཧྲུའུ་ཅི་མཇལ་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཕ་མ་དང་འདྲ་བར་བྱམས་བརྩེ་ལྡན་པ་དང་ཚོང་ཁང་ནང་གི་བོད་ཆས་སྣ་ཚོགས་དང་། རས་ཀྱི་རྒྱུ་ཆ། བཟོ་ལྟ་བཅས་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་མ་ཟད། གྱོན་ལུགས་གྱོན་སྟངས་སོགས་བཀའ་འདྲི་ཞིབ་ཚགས་གནང་གི་འདུག”ཅེས་སྒྲོལ་མས་དགའ་ཚོར་ཆེན་པོས་དྲན་གསོ་དང་བཅས་བརྗོད།

 ལོ་45ལ་སླེབས་པའི་སྒྲོལ་མས་ལོ་16གོང་བོད་ཆས་ཚོང་ཁང་དེ་བཙུགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོང་ཁང་དུ་ཕེབས་པ་ནས་བཟུང་ཚོང་ཁང་གི་ཚོང་ཡག་ཏུ་ཕྱིན་པ་མ་ཟད། ཡུལ་སྐོར་བ་ཡོང་མཁན་ཡང་མང་དུ་ཕྱིན་ཡོད།

 “སྔོན་མ་ང་ཚོའི་ཚོང་ཁང་དུ་ཡོང་མཁན་མང་ཆེ་བ་ནི་ས་གནས་དེ་གའི་གྲོང་མི་ཤ་སྟག་ཡིན། ད་ཆ་ཚོང་ཁང་དུ་ཡོང་མཁན་ཡུལ་སྐོར་བ་མང་དུ་ཕྱིན་ནས་ཁོང་ཚོ་ཆེད་མངགས་བོད་ཆས་ཉོ་བའམ་ཡང་ན་དྲན་རྟེན་པར་རྒྱག་པར་ཡོང་གི་འདུག དེ་དག་ཚང་མ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་རྗེས་འདེད་ནས་ངའི་ཚོང་ཁང་དུ་ཡོང་བ་ཤ་སྟག་རེད་ཅེས་སྒྲོལ་མས་འཛུམ་དམུལ་དམུལ་ངང་བརྗོད།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ཅེས་གསུངས་ཡོད།

 ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན། ལེགས་ཆ་ཆེ་ཤོས་བཅས་ལ་གཞི་ཚུགས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་སྤུན་ཉེའི་བརྩེ་སེམས་ཟབ་མོ་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྣེ་ཁྲིད་བྱས་ཡོད།

 ཀོང་པོ་སྤྱི་གླིང་ནི་ཉིང་ཁྲི་གྲོང་ཁྱེར་གྱི་2020ལོའི་དམངས་འཚོའི་འདུ་འགོད་ཆེན་པོ་བཅུའི་གྲས་ཤིག་ཡིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་68ཙམ་ཡོད་ཅིང་། གཙོ་བོ་གྲོང་ཁྱེར་སྤྱི་གླིང་དང་། བྱིས་པའི་སྤྱི་གླིང་། སྐྱེ་ཁམས་སྤྱི་གླིང་བཅས་བརྗོད་དོན་གཙོ་བོའི་སྤྱི་གླིང་གསུམ་ལས་གྲུབ་པ་དང་། བོད་ལྗོངས་ཀྱི་ཨང་དང་པོ་ཡིན་པ་མ་ཟད། མིག་སྔར་བོད་ལྗོངས་ཀྱི་ས་ཁྱོན་ཆེ་ཤོས་དང་། ཤིང་སྣ་ཕུན་སུམ་ཚོགས་ཤོས། ནུས་པ་ཆ་ཚང་ཤོས་བཅས་ཀྱི་གྲོང་ཁྱེར་གྱི་ལྟེ་བའི་སྤྱི་གླིང་ཞིག་ཀྱང་རེད།

 ཟླ་7ཚེས་21ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིང་ཁྲིའི་གྲོང་ཁུལ་གྱི་ལྷོ་བྱང་གྲོང་ཁུལ་གསར་རྙིང་འབྲེལ་མཚམས་ཀྱི་ཀོང་པོ་སྤྱི་གླིང་དུ་ཕེབས་ནས་སྤྱི་གླིང་གི་སྔོ་འགྱུར་དང་རྨང་གཞིའི་སྒྲིག་བཀོད་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ། ཉིང་ཁྲིའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་དང་ལྷན་དུ་འདས་དོན་ལ་ཕྱིར་དྲན་དང་། དེང་གི་བདེ་སྐྱིད་གླེང་བ། འབྱུང་འགྱུར་ལྷུག་པོར་གླེང་བ་བཅས་ཀྱི་རྣམ་པ་འཁྲུག་ཆ་དོད།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་ལྟེ་བ་ནི་མི་ཡིན་པས། གྲོང་ཁྱེར་གྱི་ལས་དོན་ཡག་པོ་སྒྲུབ་མིན་དང་། མི་སེར་བློ་ཡིད་ཚིམ་མིན། འཚོ་བར་སྟབས་བདེ་ཡོད་མེད་བཅས་ནི་ཤན་འབྱེད་ཀྱི་ཚད་གཞི་གལ་ཆེན་ཞིག་རེད། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་གྱི་བྱེད་ནུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

 འདས་ཟིན་པའི་ལོ་གཅིག་རིང་། ཀོང་པོ་སྤྱི་གླིང་དུ་སྤྱི་ཁྱབ་ཧྲུའུ་ཅིས་འཚམས་འདྲི་དང་གཟིགས་ཞིབ་གནང་བར་བརྟེན་མིང་གྲགས་དེ་བས་ཆེ་རུ་ཕྱིན་པ་དང་ཡུལ་སྐོར་དུ་ཡོང་མཁན་དེ་བས་མང་དུ་ཕྱིན་ནས་ཉིང་ཁྲིའི་གྲོང་མི་དང་ལྗོངས་ཕྱི་ནང་གི་ཡུལ་སྐོར་བའི་ལུས་སྦྱོང་རོལ་རྩེད་དང་སྤྲོ་གསེང་ལྟ་སྐོར་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད།

 ཨ་ཅག་ཀྲེན་ལགས་ནི་སི་ཁྲོན་སུའེ་ཉིང་ནས་ཡིན་པ་དང་ལོ་གཉིས་གོང་རྒན་ཡོལ་ཞུས་རྗེས་ཁོང་གིས་ཉིང་ཁྲིར་ཚོང་རྒྱག་བཞིན་པའི་རང་གི་བཟའ་ཟླ་དང་མཉམ་དུ་དེར་འཚོ་བ་སྐྱེལ་བཞིན་ཡོད། “ཉིང་ཁྲིའི་ཁོར་ཡུག་མཛེས་པ་དང་གནམ་གཤིས་ཚ་གྲང་སྙོམས་པ་མ་ཟད། ད་དུང་གྲོང་ཁྱེར་གྱི་སྤྱི་གླིང་ཡག་པོ་འདི་འདྲ་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་ཨ་ཅག་ཀྲེན་ལགས་ཀྱིས་བརྗོད།

 “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་དུ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས”

 མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཐུགས་སུ་བཅངས་ནས་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། བོད་ལྗོངས་ཀྱི་སྲོག་ཆགས་དང་རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་ལའང་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་ཟབ་མོ་གནང་གི་ཡོད།

 2011ལོའི་ཟླ་7པར་བློ་མཐུན་ཞི་ཅིན་ཕིང་གིས་ཉིང་ཁྲིར་རྟོག་ཞིབ་གནང་སྐབས“འཕེལ་རྒྱས་ཁྲོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་མཐའ་གཅིག་ཏུ་བྱེད་དགོས”ཞེས་བཏོན་གནང་ཡོད།

 2020ལོའི་ཟླ་8པར་འཚོགས་པའི་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་བཏོན་ནས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་དུས་རབས་གསར་པའི་བོད་སྐྱོང་མཛད་ཇུས་ཀྱི“ངེས་པར་དུ་བྱེད་དགོས་པ་བཅུའི”གྲས་སུ་གཏན་འཁེལ་གནང་སྟེ་བོད་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།

 2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཐོག་ཡར་ཉང་རྒྱལ་ཁབ་འདམ་ར་སྤྱི་གླིང་དུ་ཕེབས་པ་དེ་ཐོག་ནས“སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པའི”འདུ་ཤེས་ལ་སླར་ཡང་གསལ་འགྲེལ་བྱས་ཡོད།

 ལོ་གཅིག་རིང་། ཉིང་ཁྲི་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་གི་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས“སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་། “སྲོག་ཆགས་དང་རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས”སྲུང་སྐྱོང་བྱེད་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ཡོད།

 འདམ་ར་སྲུང་སྐྱོང་གི་ཆེད་ལས་ལག་རྩལ་མི་སྣ་དཀོན་པ་དང་ཡར་ཉང་རྒྱལ་ཁབ་འདམ་ར་སྤྱི་གླིང་དུ་ཚན་ཞིབ་ཀྱི་ལྟ་ཞིབ་ཚད་ལེན་དང་ཚན་རིག་ཁྱབ་གདལ་སློབ་གསོ་སྤེལ་བ་སོགས་ཀྱི་ཆུ་ཚད་མཐོ་པོ་མེད་པའི་དབང་གིས་འདམ་རའི་སྐྱེ་ཁམས་ཞབས་ཞུའི་ནུས་པ་འདོན་སྤེལ་ཡག་པོ་ཐུབ་མེད། གནད་དོན་དེར་དམིགས་ནས་འདམ་ར་སྲུང་སྐྱོང་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་གོ་ཚན་རིག་ཁང་དང་། ཝུའུ་ཧན་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་ཚན་ཞིབ་ཁང་དང་སུའོ་དང་མཉམ་ལས་ཧུར་ཐག་བྱས་ནས་འདམ་རའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ལྟ་སྐུལ་ཚོད་འཛིན་ས་ཚིགས་བསྐྲུན་པ་དང་། འདམ་རའི་ཐོན་ཁུངས་བརྟག་དཔྱད་ལྟ་ཞིབ་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་བ། འདམ་ར་སྲུང་སྐྱོང་གི་ཚན་རྩལ་འདེགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་ཡོད།

 མིའི་རིགས་ཀྱི་བྱེད་སྒོས་འདམ་རའི་སྐྱེ་ཁམས་དོ་སྙོམས་ལ་གཏོར་བཤིག་མི་ཕོག་པ་བྱ་ཆེད། ཡར་ཉང་རྒྱལ་ཁབ་འདམ་ར་སྤྱི་གླིང་དོ་དམ་ཅུས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས“དོ་དམ་ཅུས+ཤང་གྲོང+གྲོང་ལྷན”བཅས་ཀྱི་དོ་དམ་བྱེད་ཐབས་ལག་བསྟར་དང་། རྒྱུན་གཏན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་མང་ཚོགས་སྐོར་གཡེང་ཟུང་འབྲེལ་གྱི་བྱ་ཐབས་སྤྱོད་པ། འདམ་ར་དོ་དམ་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲིའི་ཡི་གེར་རིམ་པ་བཞིན་མིང་བཏགས་འགོད་པ་བཅས་བྱས་ནས་སྐོར་གཡེང་དོ་དམ་ལ་ཁུག་ཆ་མ་ལུས་པ་དང་ཕྱི་ཚུལ་ཙམ་མི་བྱེད་པར་འདམ་ར་དོ་དམ་སྲུང་སྐྱོང་གི་འགན་འཁྲི་ནན་དུ་བཏང་ཡོད།

 རང་བྱུང་སྲུང་སྐྱོང་ཁུལ་དེ་སྐྱེ་ཁམས་སྲུང་སྐྱོང་དང་ཁ་འབྲལ་ཐབས་མེད། གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུ་དེ་ཁོར་ཡུག་སྲུང་སྐྱོང་དང་དེ་བས་ཁ་འབྲལ་ཐབས་མེད།

 2021ལོའི་ཟླ་7ཚེས་21ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་འཆར་འགོད་ཁང་དང་ཀོང་པོ་སྤྱི་གླིང་དུ་གཟིགས་ཞིབ་གནང་ཞིང་། ཁོང་གིས། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་གཅུན་འདོམས་ནན་པོར་བརྩིས་ནས་གྲོང་ཁྱེར་གསར་སྤེལ་གྱི་ས་མཚམས་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་དགོས་ཞེས་གསུངས།

 “འདི་ལོ་ནས་བཟུང་། ང་ཚོས་གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོང་མིའི་དགོས་མཁོ་སྐོང་བ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་འགྲོ་ལམ་དང་། སྤྱི་གླིང་སྔོ་འགྱུར། ཆུ་མཁོ་འདོན་སྒྲིག་བཀོད། བཙོག་ཆུ་དང་གད་སྙིགས་གཙང་སེལ་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། གྲོང་མིའི་འཚོ་བའི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་ཡོད” ཅེས་ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏུང་ཉིང་ཧུའེ་ཡིས་བརྗོད།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གཟིགས་ཞིབ་གནང་བ་དེས་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་ཐེབས་ནས་ཚང་མས་བསམ་བློ་གཅིག་ཏུ་གཏོང་བ་དང་ངར་ཤུགས་གཅིག་ཏུ་སྒྲིལ་བ་དང་། བྱ་ཐབས་དངོས་སྤྱོད་པ་དང་ཐབས་ཇུས་བཟང་པོ་འདོན་པ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ། རི་ཆུ་ནགས་ཞིང་དང་། མཚོ། རྩྭ། བྱེ་ཐང་། འཁྱགས་རོམ་བཅས་ཀྱི་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བཅས་བྱས་ནས་ནམ་མཁའ་གཡའ་དག་པ་དང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་ཤིང་གཙང་བ་བཅས་སྲུང་སྐྱོང་གི་དམག་འཐབ་ཡག་པོ་བརྒྱབ་པས། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ་དེ་ཐོག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་རང་རྟོགས་ངང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བཞིན་ཡོད།

 “མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་སྦྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཚང་མས་དོ་ཁུར་ཡོངས་ཁྱབ་བྱེད་པའི་དམངས་འཚོའི་གནད་དོན་ལ་དེ་བས་དམིགས་པ། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་ཀྱི་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། ལས་དོན་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཟབ་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས”

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཐའ་མཚམས་ཀྱི་གྲོང་གསེབ་དར་རྒྱས་ཐུགས་ལ་བཅངས་ཡོད།

 2021ལོའི་ཟླ་7ཚེས་21ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོར་ཕེབས་ནས་ཀ་ལ་གྲོང་ཚོའི་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་དང་། མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོར་གཏོང་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་ཡོད།

 ལོ་གཅིག་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད”གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཞིབ་ཕྲའི་ལས་དོན་ཁྲོད་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དྲིན་ཚོར་མདུན་སྐྱོད་དང་འབད་འབུངས་འགག་སྒྲོལ་བྱས་ཏེ་གྲོང་གསེབ་དར་རྒྱས་ལག་ལེན་གཏིང་ཟབ་བསྟར་བ་སྟེ།

 2021ལོར། ལྗོངས་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ་དང་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་དུད་ཚང་4467གྱི་མི་18597དབུལ་ལོག་གི་ཉེན་ཁ་བསལ་ཡོད།

 གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་100འགོ་ཚུགས་པ་དང་རོགས་སྐྱོར་རྣམ་གྲངས་2126ལག་བསྟར་བྱས་ཡོད། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་གསར་པ་6172ཟིན་ཡོད།

 གྲོང་གསེབ་ཁྱིམ་ཚང་གི་གསང་སྤྱོད་ཁྲི་4.66སྒྱུར་བཀོད་བྱས་པ་དང་མཛེས་སྡུག་ལྡན་ལ་སྡོད་མལ་འཚམ་པའི་དཔེ་སྟོན་གྲོང་ཚོ་120བསྐྲུན་ཡོད།

 བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད། དེ་སྔ་སྐད་གྲགས་དེ་ཙམ་མེད་པའི་ཀ་ལ་རི་གྲོང་ཆུང་ཆུང་དེ་ད་ཆ་ཡུལ་སྐོར་གྲོང་ཚོ་དང་། འབྱོར་ཕྱུག་གྲོང་ཚོ། བདེ་སྐྱིད་གྲོང་ཚོ་བཅས་སུ་གྱུར་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་གཟིགས་ཞིབ་གནང་རྗེས་ད་དུང་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི“དྲ་ཐོག་མིང་ཅན་གྲོང་ཚོར”གྱུར་ནས་དྲ་གྲོགས་ཚོས“དབེན་པའི་སྐྱེད་ཚལ”ཞེས་འབོད་པ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད།

 “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཀ་ལ་གྲོང་ཚོས་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་ཁམ་བུའི་མེ་ཏོག་གི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ཏེ་ཐོན་ལས་དར་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད”ཅེས་ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་མྱོང་ཚོར་ཟབ་མོས་བརྗོད།

 2021ལོར། ཀ་ལ་གྲོང་ཚོས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་14ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་460ཙམ་བྱུང་ནས་དུད་ཚང་རེར་བགོ་འགྲེམས་སྒོར་ཁྲི་10ཙམ་བྱུང་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་བཙུགས་ཏེ་ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པས་ཡོང་འབབ་སྒོར་ཁྲི་380ཙམ་བྱུང་ཡོད། ཡུལ་མིས་མ་དངུལ་སྒོར་ཁྲི་50རང་གྲབས་བྱས་ནས་ས་བཟུང་རྒྱ་ཁྱོན་མུའུ་100ཙམ་གྱི་ལྟ་སྐོར་སྔོག་འཐུ་ར་བ་བསྐྲུན་པར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5བྱུང་བ་དང་། ས་ཆ་མུའུ་100ལྷག་ཙམ་བརྒྱུད་བཤུག་བཏང་བར་མུའུ་རེའི་ཆ་སྙོམས་བོགས་དངུལ་སྒོར་1300ཟིན་ཡོད། ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་གཙོ་བོར་བྱེད་པ་དང་། ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་དང་ལྟ་སྐོར་སྔོག་འཐུ་ར་བ་མཉམ་དུ་གཉེར་བའི་ཐོན་ལས་ཆེན་པོ་གསུམ་ཆགས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཉིན་རེ་བཞིན་སྟོབས་ཆེར་ཕྱིན་པ་མ་ཟད། གྲོང་མིའི་ཡོང་འབབ་ཀྱང་སྔར་བས་མང་དུ་ཕྱིན་ཡོད། 2021ལོར་ཀ་ལ་གྲོང་ཚོར་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་1262.3བྱུང་བ་དང་དུད་ཚང་33གྱི་ཡུལ་མི་152ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.5ཟིན་ཡོད།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོར་གཟིགས་ཞིབ་གནང་སྐབས། ཀ་ལ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པའི་བསྡུས་རིས་ཤིག་རེད། དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་པའི་ས་ཆ་ཞིག་རེད། ཡུལ་མི་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད་ལ། ཁྱེད་ཚོའི་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་བཏོད་པ་ཞིག་ཀྱང་རེད་ཅེས་གསུངས།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས་ཀྱི་བསླབ་བྱ་ཟབ་མོ་དང་མངགས་བཅོལ་ཟབ་མོ་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་360ཡི་བསམ་པའི་རྒྱགས་ཕྱེ་དང་ཡིད་ཀྱི་གསོས་སུ་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱས་ཚེ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཐུབ་ངེས་ཡིན་པ་མ་ཟད། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

 “མིག་སྔར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་དང་། བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་། སེམས་ནུས་གཅིག་སྒྲིལ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཚེ་ང་ཚོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་། ནང་དོན་གཏིང་ཟབ་པ། ངར་ཤུགས་འཕེལ་བ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཡོད་པ་དང་དུས་མཚུངས། གོམ་སྟབས་བརྟན་ཞིང་ཤུགས་དང་ལྡན་པ་དང་མི་རྣམས་ལ་སྐུལ་མ་ཐེབས་པའི་མདུན་སྐྱོད་ཀྱི་དུང་བརྡ་གྲགས་ཡོད།

 ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར། དུས་རབས་ཀྱི་གོམ་སྟབས་གསར་པ་སྤོས་ཏེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ“དོན་ཆེན་བཞི”ལ་དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”ཐུབ་པ། ཡིད་ཆེས་སྔར་བས་བརྟན་པ་དང་བློ་སྟོབས་དེ་བས་ཆེར་སྐྱེད། འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་འབད་འཐབ་བཅས་བྱས་ནས། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1