རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 07-25


བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་ལ་དམིགས་ཏེ། 

རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ། 


         ཚེས་20ཉིན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་དྲུག་པ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་ཐོག་ནས་པེ་ཅིང་དུ་འཚོགས་པ་རེད།

        ཚོགས་འདུའི་ཐོག བོད་རིག་པ་ཞིབ་འཇུག་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་དང་ཐོབ་པའི་གྲུབ་འབྲས་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་ནས་བོད་རིག་པའི་འཕེལ་ཕྱོགས་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་བཅད་པ་དང་། དུས་རབས་གསར་པའི་རྒྱལ་ཡོངས་ཀྱི་བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་ཀྱི་ཐབས་ཇུས་དང་གྲོས་འགོར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ། འགོ་འཛུགས་ས་གསར་པའི་ཐོག་རྒྱལ་ཡོངས་ཀྱི་བོད་རིག་པའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱང་བཏང་བ་རེད།

        ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བོད་རིག་པའི་ལས་དོན་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་བོད་རིག་པའི་ཞིབ་འཇུག་གི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་དང་། གནད་དོན་དངོས་ཐག་གཅོད། རིགས་པའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས་པ། གླེང་ཕྱོགས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། ཕྱི་ཕྱོགས་ལ་དྲིལ་བསྒྲགས་ཧུར་ཐག་བྱེད་པ། རྒྱལ་སྤྱིར་བརྒྱུད་བསྒྲགས་བྱེད་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་རིག་པའི་ཞིབ་འཇུག་གི་རང་འགུལ་དབང་ཆ་དང་སྐད་ཆ་ཤོད་དབང་སྟངས་འཛིན་ནན་པོ་བྱེད་དགོས་པ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྣེ་ཁྲིད་མཐུན་སྦྱོར་འགན་ནུས་འདོན་སྤེལ་དང་ཚན་ཞིབ་ཀྱི་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ་བོད་རིག་པའི་ཞིབ་འཇུག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕུལ་བྱུང་གི་ཤེས་ལྡན་མི་སྣ་གཅིག་སྡུད་བྱས་ཏེ་ལངས་ཕྱོགས་བརྟན་པ་དང་། རྨང་གཞི་བརྟན་པ། སློབ་སྲོལ་བཟང་བ་བཅས་ཀྱི་བོད་རིག་པ་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གཏོད་དགོས།

        ཚོགས་འདུའི་རིང་། རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ལྷན་གྱིས《ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚུན་གྱི་བོད་སྐད་བརྡ་ཆད་གསར་པ(རྒྱ་བོད་ཤན་སྦྱར)》ཡོངས་བསྒྲགས་བྱས་ཤིང་། དེའི་ནང་བོད་སྐད་བརྡ་ཆད་གསར་པ་2200ཡོད་པའི་ནང་ཐ་སྙད་1945དང་བརྗོད་ཐུང་255ཡོད་པ་རེད།

        ཚོགས་འདུའི་ཐོག ད་དུང་རྒྱལ་ཡོངས་བོད་ཡིག་དུས་དེབ་ཀྱིས་དུས་དཀྱིལ་གྱི་གྲུབ་འབྲས་ལ་གདེང་འཇོག་བྱས་པའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་བརྒྱུད་བསྒྲགས་བྱས་པ་དང་། ན་གཞོན་བོད་རིག་པ་མཁས་ཅན་གསོ་སྐྱོང་ལས་དོན་སྐོར་གྱི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ན་གཞོན་བོད་རིག་པ་ལྷན་ཚོགས་ཀྱི་གནས་ཚུལ་སྙན་སེང་ཉན་པ། 《ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་བོད་རིག་པ་ཞིབ་འཇུག་ལ་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ལ་གྲོས་འགོ་བསྡུ་ལེན་བྱས་པ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་གཏན་འཁེལ་གྱི་འབྲེལ་ཡོད་གནས་ཚུལ་དང་། བྱ་དགའི་དཔྱད་བསྡུར་ལས་དོན་གྱི་ཇུས་གཞི། བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའི་དཔྱད་བསྡུར་བྱ་ཐབས》བཅས་བརྡ་ཁྱབ་བཏང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1