ཕྱག་ཕྲེང་རྫོང་གིས་ཞིང་ལས་ལག་རྩལ་གསོ་སྦྱོང་སྤེལ་སྟངས་མང་ཚོགས་ཀྱི་དོན་དངོས་དང་འཕྲོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-25



 

ཕྱག་ཕྲེང་རྫོང་གིས་ཞིང་ལས་ལག་རྩལ་གསོ་སྦྱོང་སྤེལ་སྟངས་མང་ཚོགས་ཀྱི་དོན་དངོས་དང་འཕྲོད།ཞིང་ལས་ལག་རྩལ་ཆེད་མཁས་པས་ཞིང་ནང་དུ་མཛུབ་སྟོན་བྱེད་གཞིན་པའི་ཚུལ། 



         བརྟག་དཔྱད་བྱས་པར་གཞིགས་ན།མཐོ་སྒང་གི་ཐོན་ཁུལ་ཁག་གཅིག་ལ་ཀུ་ཤུ་སྤུས་ལེགས་ཐོན་སྐྱེད་བྱེད་པའི་ཆ་རྐྱེན་འཛོམས་ཡོད། ཉེ་ཆར། སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ལྡུམ་རའི་ལག་རྩལ་ཞིབ་འཇུག་ཁང་གི་མགོ་གཙོ། ཞིབ་འཇུག་པ་ཞེ་ཧུང་ཅང་གིས་ཕྱག་ཕྲེང་རྫོང་དུ་གཉེར་བའི་མཐོ་སྒང་ཀུ་ཤུའི་རིགས་དང་དེ་བཞིན་འགག་རྩའི་ལག་རྩལ་བེད་སྤྱོད་ཀྱི་གསོ་སྦྱོང་ནང་ཡུལ་ཤོག་དང་གྲོང་རྡལ་ཁག་ནས་ཡོང་བའི་ཤིང་འབྲས་འདེབས་མཁན་ཞིང་པས་ནན་ཏན་ངང་ཉན་བཞིན་དུ་ལག་པ་བཀྱགས་ནས་དྲི་བ་ཡང་བཏོན་ཡོད།

        སྤྱི་ཟླ7པའི་ཚེས10ནས11ཉིན་བར། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་རྒུན་ཆང་སློབ་གླིང་དང་།སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ལྡུམ་རའི་ལག་རྩལ་ཞིབ་འཇུག་ཁང་། ཁྲེང་ཏུའུ་གྲོང་ཁྱེར་ཞིང་ནགས་ཚན་རིག་ཁང་གི་ལྡུམ་རའི་ལག་རྩལ(དཔལ་འབྱོར)ཞིབ་འཇུག་ཁང་།ཁུལ་ཞིང་ལས་ལག་རྩལ་གྱི་ས་ལུད(དཔལ་འབྱོར)ས་ཚུགས་བཅས་ལས་གྲུབ་པའི་རིགས་གཅིག་མཁས་པའི་ཚོ་ཆུང་དང་བཅས་པས་ཕྱག་ཕྲེང་རྫོང་དུ་ཕྱག་ཕྲེང་ཀུ་ཤུ་དང་། ཕྱག་ཕྲེང་རྒུན་འབྲུམ། ཕྱག་ཕྲེང་སེའུ་དམར་པོའི་ཐོན་ལས་གཉེར་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་ཐོན་ལས་ལག་རྩལ་གསོ་སྦྱོང་ཆེན་པོ་སྤེལ་རོགས་བྱས། དེ་དང་ཆབས་ཅིག་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཕྱག་ཕྲེང་གི་ཁྱད་ལྡན་ཤིང་འབྲས་འདེབས་འཛུགས་ལ་བརྟག་དཔྱད་བྱས་པས་མ་ཚད་ཐབས་ཇུས་ཀྱང་བཏོན་ཡོད།


 ཐོན་ལས་ལ་ཞུགས་པའི་ལམ་བུར་ཆེད་མཁས་པས་གསེར་ལས་ལྷག་པའི་མཛུབ་སྟོན་གནང་།

        སྤྱི་ཟླ7པའི་ཚེས10ཉིན་འཚོགས་པའི་ལག་རྩལ་གསོ་སྦྱོང་ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་ཚོས་ཕྱག་ཕྲེང་གི་ཀུ་ཤུ་དང་རྒུན་འབྲུམ། སེའུ་དམར་པོ་བཅས་ཀྱི་ཡལ་ག་བཟོ་བཅོས་དང་ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་ལས་དོན་ཁག་ལ་དམིགས་ནས་རི་མོའི་ལམ་ནས་སློབ་མ་ཚོར་འགྲེལ་བཤད་ཡང་ཡང་བརྒྱབ་མཐར་སློབ་མ་ཚོའི་བསྔགས་བརྗོད་ཐོབ་ཡོད།

        ཕྲེང་སྟོད་གྲོང་རྡལ་ཀླུ་ལྟག་གྲོང་སྡེ་ནས་ཡོང་བའི་ཡུལ་མི་པད་བསམ་གསོ་སྦྱོང་ནང་ཞུགས་རྗེས་དགའ་སྤྲོའི་ངང་ནས་ང་ཚོས་བཙུགས་པའི་ཤིང་འབྲས་དེ་དཔེ་མཚོན་བཀོད་ནས་འགྲེལ་བཤད་བརྒྱབ་བྱུང་། དེ་ལྟར་བྱེད་དུས་ང་ཚོས་ལྟ་ཤེས་པར་མ་ཟད་ལས་སླ་པོའི་སྒོ་ནས་གོ་བ་ལེན་ཐུབ་བྱུང། ཤིང་འབྲས་སྡོང་པོ་གཅིག་ལ་ལོ་གཅིག་དུས་བཞིའི་ནང་ཡལ་ག་བཟོ་བཅོས་བརྒྱབ་ནས་སྔ་རྗེས་ཀྱི་གནས་ཚུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་པ་གསལ་པོ་ཤེས་བྱུང་ཞེས་བཤད།

        དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་ཡུལ་སྡེ་དར་རྒྱས་གཏོང་བ་འབྲེལ་མཐུད་ནུས་ལྡན་བྱ་ཆེད། ཉེ་བའི་ལོ་ཤས་རིང་།ཕྱག་ཕྲེང་རྫོང་གིས་ཡུལ་བབ་དང་བསྟུན་ནས་ཀུ་ཤུ་དང་།རྒུན་འབྲུམ།སེའུ་དམར་པོ་སོགས་ཁྱད་ལྡན་ཤིང་འབྲས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ད་སྔར་རྫོང་ཡོངས་ཀྱི་ཁྱད་ལྡན་ཤིང་འབྲས་ཐོན་ལས་རྒྱ་ཁྱོན་མུའུ་ཁྲི2.5ལ་ཟིན་ཡོད།

        བཞུགས་མོལ་ཚོགས་འདུའི་ཐོག། ཕྱག་ཕྲེང་རྫོང་གི་ཁྱད་ལྡན་ཤིང་འབྲས་ཐོན་ལས་འཕེལ་རྒྱས་གཏོང་བར་དམིགས་ནས། རིགས་གཅིག་མཁས་ཅན་རྣམ་པས་རང་སོ་སོའི་ཞིབ་འཇུག་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ་འབྲས་ཤིང་གི་ཡལ་ག་དང་།ནད་འབུའི་གནོད་འཚེ་འགོག་བཅོས།ཞིང་ནང་དོ་དམ།ཚན་རིག་དང་མཐུན་པའི་ལུད་རྒྱག་སྟངས་སོགས་ཀྱི་ལག་རྩལ་ཐད་མཛུབ་ཁྲིད་བྱས་པར་མ་ཟད།ཁྱད་ལྡན་ཤིང་འབྲས་ཐོན་ལས་སྤུས་ལེགས་དང་།ལས་ཕྱོད་ཆེ་བ།འཕེལ་རྒྱས་རྒྱུན་མཐུད་ཡོང་བ་བཅས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཏེ་ཕྱག་ཕྲེང་གི་ཁྱད་ལྡན་ཤིང་འབྲས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཐབས་ལམ་བཟང་པོ་བཟོས་ཡོད།

        ཁྱད་ལྡན་ཤིང་འབྲས་ལས་རིགས་ཇི་ལྟར་བྱས་ནས་འཕེལ་རྒྱས་གཏོང་བའི་ཐད་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་རྒུན་ཆང་སློབ་གླིང་གི་མགོ་གཙོ་གཞོན་པ་རྒུན་འབྲུམ་གྱི་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་ལིའུ་ཞུན་གྱིས་འདེབས་འཛུགས་རྐྱང་པར་མི་བརྟེན་པར་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་ཁོར་ཡུག་ཆེན་པོ་དང་ཟུང་དུ་སྦྲེལ་ནས་ཁྱད་ལྡན་ཤིང་འབྲས་དང་ཡུལ་སྐོར་འཕེལ་རྒྱས་ཟུང་འབྲེལ་བྱས་ནས་ཁེར་རྐྱང་འབབ་འཕར་དེ་ཕྱོགས་མང་ཅན་གྱི་འཕེལ་རྒྱས་སུ་བསྒྱུར་དགོས་པའི་གྲོས་འགོ་བཏོན་ཡོད།

        བཞུགས་མོལ་ཚོགས་འདུའི་ཐོག་ཕྱག་ཕྲེང་རྫོང་ཨུའི་ཧྲུའུ་ཅི་དབྱང་ལིན་གྱིས་ང་ཚོའི་སློབ་གླིང་དང་།ཤར་ནུབ་རྒྱུད་ཀྱི་རོགས་སྐྲུན་མཉམ་ལས་མུ་མཐུད་ཆེ་རུ་བཏང་སྟེ་རིགས་གཅིག་མཁས་ཅན་ཚོགས་པའི་གསོ་སྦྱོང་བརྒྱུད་དེ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་རྩལ་ནུས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཐད་མ་དངུལ་གཏང་རྒྱུ་ཡིན་ལ་ལག་རྩལ་ཚོགས་པའི་འདེགས་སྐྱོར་ཡང་ཡོད་པས་མི་སེར་ཚོའི་དངུལ་ཁུག་མཐུག་པོར་བཟོ་དགོས་ཞེས་བཤད་པ་རེད།


 རིགས་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་ནས་ཞིང་ལས་ལག་རྩལ་གསོ་སྦྱོང་བྱས།

        སྤྱི་ཟླ7པའི་ཚེས11ཉིན་གྱི་སྔ་དྲོ། ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་ཀླུ་ལྟག་གྲོང་སྡེའི་ཀུ་ཤུའི་འདེབས་འཛུགས་ར་བའི་ནང་དུ་ཀུ་ཤུ་སྔོ་དམར་གྱི་སྐྱེ་ཚུལ་ལེགས་ཤིང་དྲི་ཞིམ་ཕྱོགས་ཀུན་ཁྱབ། འདེབས་འཛུགས་ར་བའི་གཞོགས་གཅིག་ཏུ་ཀུ་ཤུའི་ཆེད་མཁས་པ་ཞེ་ཧུང་ཅང་གིས་སྐུ་དངོས་སུ་གྲོང་མི་ཚོར་ཀུ་ཤུའི་ཡལ་ག་འཐེན་ལུགས་ཀྱི་ལག་རྩལ་རྩ་གནད་དཔེ་སྟོན་བྱས་ནས་འགྲེལ་བཤད་རྒྱག་གི་འདུག།

        རག་ཝ་ཡུལ་ཤོག་ནགས་མུ་གྲོང་ཚོའི་སེའུ་མངར་འདེབས་འཛུགས་གླིང་ཁུལ་དུ་གྲོང་མི་རྣམས་ཀྱིས་སེའུ་སྡོང་འཛུགས་པ་དང་ཡལ་ག་བཟོ་བཅོས། ཆུ་འདྲེན་པ་བཅས་བྱེད་བཞིན་ཡོད་ལ། དེའི་ཉེ་འགྲམ་དུ་ཁྲེང་ཏུའུ་གྲོང་ཁྱེར་ཞིང་ནགས་ཚན་རིག་སློབ་གླིང་ལག་རྩལ་ཞིབ་འཇུག་ཁང་ནས་ཡོང་བའི་འབུམ་རམས་པ་ལིའུ་ལེ་ཡིས་གྲོང་མི་རྣམས་ལ་བཀོལ་སྤྱོད་བྱེད་རིང་བྱུང་བའི་གནད་དོན་རེ་རེ་བཞིན་མཛུབ་ཁྲིད་བྱེད་ཀྱིན་འདུག།

        གདོང་གསུམ་ཡུལ་ཤོག་མཁན་སྟོད་གྲོང་སྡེའི་རྒུན་འབྲུམ་འདེབས་འཛུགས་ར་བའི་ནང་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་སློབ་གླིང་ལག་རྩལ་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཝུའེ་ཡིས་ཚང་མར་དྲི་བ་ཞིག་བཏོན་པ་སྟེ། རྒུན་འབྲུམ་གྱི་ཕྱེ་དཀར་ནད་དང་སད་སྐྱོན་གཉིས་ཀྱི་དབྱེ་བ་ཇི་ལྟར་འབྱེད་དགོས། ནད་དེ་དག་ནམ་དུས་ཐོན་གྱི་ཡོད་ཅེས་དྲིས་པར་ཡུལ་དངོས་སུ་ཡོད་པའི་མང་ཚོགས་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ལན་བཏབ།

        ལིའུ་ཝུའེ་ཡིས་ཚང་མས་ལན་ཡག་པོ་བཏབ་སོང་། ད་ལོའི་རྒུན་འབྲུམ་སྐྱེ་འཚར་ལེགས་པར་བལྟས་ན་ཡང་ལོ་ལེགས་འབྱུང་ངེས། ངས་ད་དུང་རྒུམ་འབྲུམ་གྱི་སྒྲོམ་བཟོ་དང་སྨན་གཏོར་བ། ལུད་རྒྱག་སྟངས་བཅས་ཀྱི་ལག་རྩལ་རྩ་གནད་སྐོར་བཤད་རྒྱུ་ཡིན་ཅེས་བཤད་མ་ཐག། གྲོང་མི་རྣམས་ཀྱིས་འཚང་ཁ་ཤིག་ཤིག་ངང་ཚུར་འདུས་ནས་ཁོང་གི་འགྲེལ་བཤད་ལ་ནན་ཏན་ངང་ཉན། རྒུན་འབྲུམ་འདེབས་འཛུགས་ར་བ་ནི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་གྱུར།

        གདོང་གསུམ་ཡུལ་ཤོག་མཁན་སྟོད་གྲོང་སྡེའི་གྲོང་མི་ཚེ་རིང་ཐར་གྱིས་ཐེངས་འདིའི་གསོ་སྦྱོང་ནང་སློབ་ཁང་དུ་ཤེས་བྱ་ཁྲིད་པར་མ་ཟད་ཞིང་ནང་དུ་ལག་ལེན་དངོས་བྱས་པས་དངོས་སྤྱོད་རང་བཞིན་དང་མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ཡོད་པས་ང་ཚོ་མི་སེར་ཚོས་འདེབས་འཛུགས་ལག་རྩལ་ཤེས་ནས་འབབ་འཕར་འབྱོར་ཕྱུག་གི་གཏིང་ཤུགས་ཆེན་པོ་ཐོབ་བྱུང་ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

        ཁུལ་ཞིང་ལས་ལག་རྩལ་གྱི་ཞིང་ལུད་ས་ཚུགས་ཀྱི་མགོ་གཙོ་ལི་ལེང་གིས་ཡུལ་སྡེ་དར་རྒྱས་གཏོང་བའི་འགག་རྩ་ནི་ཐོན་ལས་དར་རྒྱས་གཏང་རྒྱུ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཐུག་ཡོད། འདི་ལྟ་བུའི་ཚད་གཞི་མཐོ་བ་དང་གཞི་ཁྱོན་ཆེ་བ། ཞིབ་ཕྲ་ལྡན་པ། ངོ་ཐུག་གདོང་འཕྲད་ཀྱི་གསོ་སྦྱོང་བྱེད་སྟངས་དེས་ཕྱག་ཕྲེང་གི་ལེགས་ལྡན་ཐོན་ཁུལ་གྱི་ཐོན་ལས་ཡི་རྣམ་པ་དང་རིན་གོང་། སྤུས་ཀ་བཅས་ཇེ་ལེགས་སུ་གཏོང་བར་མ་ཟད། ད་དུང་ས་གནས་དེ་གའི་ཤིང་འབྲས་བཟོ་མཁན་ཚོར་གསོ་སྐྱོང་དང་སྐུལ་ཁྲིད་ཐེབས་ནས་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་དཀའ་བའི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1