ཀ་ལ་གྲོང་ཚོའི་འཕོ་འགྱུར་གྱི་རྣམ་པ་བཟང་པོ་མངོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 07-28


 

 “2021ལོའི་ཟླ་7ཚེས་21ཉིན། ཀ་ལ་གྲོང་ཚོའི་ངོས་ནས་བརྗོད་ན་སྤྱིར་བཏང་གཏན་ནས་མིན་པའི་ཉིན་ཞིག་ཡིན་ཞིང་། དེ་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀ་ལ་གྲོང་ཚོར་ཕེབས་པ་རེད། ཀ་ལ་གྲོང་ཚོར་སྤྱི་ཁྱབ་ཧྲུའུ་ཅིས་ཆུ་ཚོད་གཅིག་ཙམ་བཞུགས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད”ཟླ་7ཚེས་21ཉིན་གྱི་ཞོགས་པ་སྔ་པོར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་གསར་བརྗེའི་ཞིབ་སློབ་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ཁང་དུ་ཀ་ལ་གྲོང་ཚོའི་སློབ་ཆེན་ཐོན་པའི་གྲོང་དཔོན་ཧོང་ཧའེ་ཧྥེན་གྱིས་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཡོང་བའི་ཉིང་ཁྲི་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ལས་བྱེད་པར་གསལ་འགྲེལ་རྒྱག་བཞིན་ཡོད།

 “ད་ཆ་ཀ་ལ་གྲོང་ཚོར་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། ན་ནིང་ཟླ་བདུན་པ་ནས་བཟུང་ང་ཚོའི་གྲོང་ཚོར་ཆ་སྙོམས་ཉིན་ལྟར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཡོང་མཁན་ཚོགས་པ་དང་། ཚན་པ། ཡུལ་སྐོར་བ་བཅས་ཁག་ལྔ་དྲུག་ཟིན་གྱི་ཡོད”ཅེས་ཧོང་ཧའེ་ཧྥེན་གྱིས་བཤད།

 

 འགྲེམས་སྟོན་ཁང་དང་ཐག་མི་རིང་བའི་སར་ཡོད་པའི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུའང་ཧ་ཅང་འཁྲུག་ཆ་དོད་ཅིང་། ཧྥུའུ་ཅན་ཞིང་ཆེན་ཅི་མེ་སློབ་ཆེན་གྱི“ཧྥུའུ་ཅན་དང་། བོད་ལྗོངས། མཚོ་སྔོན་དབར་གྱི་བརྩེ་སེམས”མི་རིགས་མཐུན་སྒྲིལ་ལག་ལེན་རུ་ཁག་གི་སློབ་གྲོགས་ཚོས་དྲི་ཞིམ་འཐུལ་བའི་ཇ་སྲུབ་མ་འཐུང་བཞིན་དུ་ཟླ་བ་རྒྱལ་མཚན་གྱིས་ཁོང་ཚོའི་ཁྱིམ་ཚང་གི་འཚོ་བའི་ཐད་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་ཐུགས་ཁུར་གླེང་བ་ཉན་བཞིན་འདུག ཟླ་བ་རྒྱལ་མཚན་གྱིས“ཏང་གི་སྲིད་ཇུས་བཟང་པོ་ལས་ང་ཚོའི་ད་ལྟའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་སྔ་གྲོང་ཚོའི་ལམ་ཚང་མ་ས་རྡོའི་ལམ་ཡིན་པ་དང་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཡང་ཁང་པ་ཐོག་གཅིག་མ་ཞིག་རེད། ད་ཆ་གྲོང་ཚོའི་ལམ་བུ་དུད་ཚང་ཚང་མའི་སྒོ་ཁར་ཤར་གཏོང་ཐུབ་པ་དང་། ཁྲོམ་གཞུང་གཙང་ལ་གྲལ་འགྲིག་པ། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཡང་སྔར་བས་ལེགས་སུ་ཕྱིན་ཡོད”ཅེས་བཤད།

 “ཀ་ལ་གྲོང་ཚོར་ལྟ་སྐོར་བྱས་རྗེས། ཁྱིམ་ཚང་ཞིག་ནས་ཀ་ལ་གྲོང་ཚོ་དང་དེ་ནས་བོད་ལྗོངས་ཡོངས་ཀྱི་འགྱུར་ལྡོག་མཐོང་བྱུང་ལ། གང་ས་ནས་ཏང་དང་རྒྱལ་ཁབ་ཀྱིས་བོད་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་མཚོན་གྱི་འདུག ‘མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་སེམས་མཐུན་མཉམ་དུ་གཏོད’ཅེས་པ་འདི་ནི་ངའི་ད་ལྟའི་མྱོང་ཚོར་ཟབ་ཤོས་དེ་ཡིན”ཞེས་ཅི་མེ་སློབ་ཆེན་གྱི“ཧྥུའུ་ཅན་དང་། བོད་ལྗོངས། མཚོ་སྔོན་དབར་གྱི་བརྩེ་སེམས”མི་རིགས་མཐུན་སྒྲིལ་ལག་ལེན་རུ་ཁག་གི་རུ་མི་ཀུའོ་རུའེ་ཞ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

 

 ཀ་ལ་གྲོང་ཚོའི་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ། 《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པའི་རོལ་དབྱངས་གྲགས་པ་དང་བསྟུན་ནས་ཀ་ལ་གྲོང་ཚོའི་རིག་རྩལ་རུ་ཁག་གི་རུ་མི་ཚོ་དལ་བུར་ཚོགས་རར་འཛུལ་ཏེ་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་ཤིང་། དེ་གར་ཡོད་པའི་གྲོང་མི་དང་ཡུལ་སྐོར་བ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགོད་སྒྲ་ཡང་ཡང་གྲགས་ཏེ་འཆམ་མཐུན་དང་བདེ་སྐྱིད་ཀྱི་རྣམ་པ་ཞིག་མངོན།

 “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་གཟིགས་ཞིབ་གནང་ནས་ལོ་གཅིག་འཁོར་བའི་མཚམས་སུ། དེ་རིང་ངེད་གྲོང་ཚོའི་རིག་རྩལ་རུ་ཁག་གིས་རིག་རྩལ་འཁྲབ་སྟོན་འདི་སྒྲིག་འཛུགས་བྱས་ནས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་དགའ་གུས་ཀྱི་བསམ་པ་དང་དྲིན་ཚོར་གྱི་བསམ་པ་མཚོན་པར་བྱས་པ་ཡིན། ལེ་ཚན་ཚང་མ་ང་ཚོས་རང་རྩོམ་རང་འཁྲབ་བྱས་པ་ཞིག་རེད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་དགའ་སྤྲོའི་ངང་བཤད་ཅིང་། ཁོང་གིས“ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཡུལ་སྐོར་གྲོང་ཚོ་ཞིག་ཡིན་པའི་ངོས་ནས་བརྗོད་ན་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་གལ་འགངས་ཤིན་ཏུ་ཆེ། ཉེ་བའི་ལོ་ཤས་རིང་། ཀ་ལ་གྲོང་ཚོས‘རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི’ཡིན་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ། སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བས་གྲོང་ཚོའི་བཀོད་པ་གཙང་ལ་གྲལ་འགྲིག་ཏུ་སོང་སྟེ་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་ཡོད”ཅེས་བཤད། 2002ལོ་ནས་བཟུང་། ཀ་ལ་གྲོང་ཚོས“ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན”སྐབས་20བསྟུད་མར་གཉེར་ཞིང་། སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ལྡན་རིག་གནས་བྱེད་སྒོར་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་ཀྱི་དབང་པོ་འཕྲོག་པ་དང་ཁམ་བུའི་མེ་ཏོག་དཔལ་འབྱོར་ལས་གྲོང་མིའི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། ཀ་ལ་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་2013ལོའི་སྒོར་ཁྲི་5ནས་2021ལོའི་སྒོར་ཁྲི་460བར་མང་དུ་ཕྱིན་ཡོད་པ་རེད།

 

 དེ་ཉིན། ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཡོང་མཁན་མི་ཚོགས་ཁག་ཐེངས་མང་པོ་གཅིག་རྗེས་གཉིད་མཐུད་དུ་ཡོང་གིན་འདུག

 ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་30ཙམ་ལ། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས་ཉིང་ཁྲི་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མིའི་སྣེ་འཁྲིད་དེ་ཀ་ལ་གྲོང་ཚོར“སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་ཚོར། ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ”ཞེས་པའི་ཀ་ལ་གྲོང་ཚོའི་ས་གནས་ས་ཐོག་ཏུ་སློབ་སྦྱོང་བྱེད་སྒོ་དང་2022ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་པ་རེད། ལྟེ་བའི་ཚོགས་ཆུང་གི་ཁོངས་མིས་གུས་སེམས་ཟབ་མོ་བཅངས་ནས་འགྲེལ་བཤད་པའི་རྗེས་སུ་འབྲངས་ཏེ་རྩ་ཆེའི་པར་རིས་རེ་རེ་དང་སྐད་ཅིག་མ་རེ་རེ་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅིས་ཉིང་ཁྲིའི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་མཉམ་དུ་ཉམས་ལེན་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། དྲིན་ཚོར་ཡར་བརྩོན་དང་སེམས་ནུས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཉིང་ཁྲི་གསར་པ་འཛུགས་སྐྲུན་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1