མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ནང་ལི་ཉིང་སྐར་ཚོགས་ཀྲོའུ་ཅིས་རུ་ཁག་གི་རྐང་འཁོར་བདམས་ཐོན་པ་ཉིའུ་དབྱི་ཁུའེ་ཡིས་འགྲན་མཚམས་ཀྱི་ཨང་དང་པོ་བླངས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-01


 

དི་ནི་ཟླ་7ཚེས་27ཉིན། འགྲན་མཚམས་ཨང་དང་པོ་ནས་གསུམ་པ་བར་ཐོབ་པའི་ལི་ཉིང་སྐར་ཚོགས་ཀྲོའུ་ཅིས་རུ་ཁག་གི་བདམས་ཐོན་པ་ཉིའུ་དབྱི་ཁུའེ(དཀྱིལ)དང་མཚོ་སྔོན་ཐེན་ཡིའུ་ཏེ་ཀྲོའུ་ཅིས་རུ་ཁག་གི་བདམས་ཐོན་པ་ལི་ཙི་སན(གཡོན)ཀྲུང་གོའི་ཤང་ཀང་རུ་ཁག་གི་བདམས་ཐོན་པ་ཀྲུའུ་ཅུན་ཝུའེ་བཅས་ཀྱིས་བྱ་དགའ་སྤྲོད་སའི་སྟེགས་བུའི་ཐོག་མཉམ་པར་རྒྱག་བཞིན་པ། 

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གཅིག་པའི་འགྲན་མཚམས་དང་པོར་རྒྱལ་ཕམ་ཐག་གཅོད་བྱུང་ནས། མཐར་ལི་ཉིང་སྐར་ཚོགས་ཀྲོའུ་ཅིས་རུ་ཁག་གི་རྐང་འཁོར་བདམས་ཐོན་པ་ཉིའུ་དབྱི་ཁུའེ་ཡིས་མཐའ་མའི་གདོང་མཆོང་གི་འགྲན་བསྡུར་ནང་ཨང་དང་པོ་བླངས་པ་དང་། མཚོ་སྔོན་ཐེན་ཡིའུ་ཏེ་ཀྲོའུ་ཅིས་རུ་ཁག་གི་རྐང་འཁོར་བདམས་ཐོན་པ་ལི་ཙི་སན་གྱིས་ཨང་གཉིས་པ་བླངས་པ། ཀྲུང་གོའི་ཤང་ཀང་རུ་ཁག་གི་རྐང་འཁོར་བདམས་ཐོན་པ་ཀྲུའུ་ཅུན་ཝུའེ་ཡིས་ཨང་གསུམ་པ་བླངས་ཡོད་པ་རེད།

     འགྲན་མཇུག་འགྲིལ་རྗེས་ཉིའུ་དབྱི་ཁུའེ་ཡིས་མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཀྱི་ཨང་དང་པོ་མཚོན་པའི་འཁན་སྦྱར་སེར་པོ་དང་མཐའ་མའི་གདོང་མཆོང་གི་སྤྱིའི་སྐར་གྲངས་ཀྱི་ཨང་དང་པོ་མཚོན་པའི་འཁན་སྦྱར་ལྗང་ཁུ་གྱོན་པ་དང་ཀྲུའུ་ཅུན་ཝུའེ་ཡིས་གཞོན་ནུའི་བདམས་ཐོན་པ་ཡག་ཤོས་མཚོན་པའི་འཁན་སྦྱར་དཀར་པོ་གྱོན་པ་རེད།

    སྐབས་འདིའི་འགྲན་བསྡུར་གྱི་འགྲན་མཚམས་དང་པོ་ནི་ཟི་ལིང་སྐོར་བའི་འགྲན་བསྡུར་ཡིན་པ་དང་། ཁྱོན་ལམ་ཐག་སྤྱི་ལེ་109ཡོད། མཐའ་མའི་གདོང་མཆོང་འགྲན་མཚམས་དེ་ལམ་བདེ་མོ་ཞིག་ལ་བཀོད་སྒྲིག་བྱས་ཡོད། རྐང་འཁོར་བདམས་ཐོན་པ་ཚོས་འགྲན་ལམ་བརྒྱུད་སྐོར་བ་8བརྒྱབ་པ་དང་སྐོར་བ་རེར་ལམ་ཐག་སྤྱི་ལེ་13.6ཡོད། ལམ་བར་དུ་མཐའ་མའི་གདོང་མཆོང་ས་ཚིགས་3བཀོད་སྒྲིག་བྱས་པ་དང་། འགྲན་བསྡུར་གྱི་མཐའ་མའི་སྤྱི་ལེ་30ཡི་ནང་རྐང་འཁོར་བདམས་ཐོན་པ་ཚོའི་ཤེད་ཤུགས་ཉམས་པས་འགྲན་བསྡུར་ལས་རྣམ་པར་རྒྱལ་དགོས་ཚེ་ཁོང་ཚོས་ཤུགས་དེ་བས་མང་བ་རྒྱག་དགོས། མཐའ་མའི་ས་ཚིགས་སུ་མ་སླེབས་གོང་གི་སྤྱི་ལེ་གཉིས་ནང་ཚོགས་པའི་ཁྲོད་ཀྱི་རྐང་འཁོར་བདམས་ཐོན་པ་མང་པོ་དབྲིལ་བ་དང་སྐབས་དེ་དུས་ཉིའུ་དབྱི་ཁུའེ་ཡིས་རུ་གྲོགས་ཀྱི་སྣེ་ཁྲིད་འོག་ཚོགས་པའི་མདུན་ཕྱོགས་སུ་བསྐྱོད་ཡོད། མཐར་ཉིའུ་དབྱི་ཁུའེ་ཡིས་བདམས་ཐོན་པ་ལི་ཙི་སན་ལས་བརྒལ་ཏེ་སྐབས་འདིའི་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་འགོ་འཛུགས་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།

     ཚེས་28ཉིན་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་འགྲན་མཚམས་གཉིས་པ་དེ་དགོན་ལུང་ནས་ཁྲི་ཀ་བར་གྱི་འགྲན་བསྡུར་བྱ་རྒྱུ་དང་བདམས་ཐོན་པ་ཚོས་སྐབས་འདིའི་འགྲན་བསྡུར་གྱི་གྱེན་འཛེག་འགྲན་བསྡུར་ཐོག་མ་དེ་བྱ་རྒྱུ་རེད།

 

སྐབས་འདིའི་མཚོ་སྐོར་འགྲན་བསྡུར་ནི་ཟླ་7ཚེས་26ནས་ཟླ་8ཚེས་3ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་སུ་སྤེལ་བཞིན་ཡོད་པ་དང་། སྐབས་འདིའི་མཚོ་སྐོར་འགྲན་བསྡུར་ལ་ཁྱོན་འགྲན་མཚམས་8བཀོད་སྒྲིག་བྱས་པ་དང་། འགྲན་བསྡུར་གྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ་1488ཡོད་པ་དང་། འགྲན་བསྡུར་གྱི་བར་ཐག་སྤྱི་ལེ་1105དང་འགྲན་ར་དང་བར་ཐག་སྤྱི་ལེ་383ཡོད། སྐབས་འདིའི་འགྲན་བསྡུར་ནང་རྒྱལ་ཡོངས་ཀྱི་ཉིང་ལག་རུ་ཁག་21གི་ལུས་རྩལ་པ་147ཞུགས་ཡོད་པ་རེད། འདི་ནི་ཟླ་7ཚེས་27ཉིན། 2022ལོའི“ཐེན་ཡིའུ་ཏེ་བུམ་པའི”མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་21པའི་འགྲན་མཚམས་དང་པོ་ཟི་ལིང་སྐོར་བའི་འགྲན་བསྡུར་འགོ་ཚུགས་པ་དང་། འགྲན་ཞུགས་བདམས་ཐོན་པས་འགྲན་མཚམས་དང་པོ་ཟི་ལིང་སྐོར་བའི་འགྲན་བསྡུར་ལ་ཞུགས་བཞིན་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1