བོད་ལྗོངས་ཀྱི་གཞོན་ནུ་གཞས་པའི་འགྲན་བསྡུར་མཇུག་བསྒྲིལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-02


 

    ཚེས་27ཉིན་གྱི་དགོང་མོར་སྐབས་དང་པོའི་བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུའི་གས་པའི་འགྲན་བསྡུར་ཆེ་མོའི་ཆེད་ལས་ཚོགས་ཆུང་གི་མཐའ་བསྡུར་འདི་མཇུག་འགྲིལ་ནས་འགྲན་བསྡུར་འདི་བདེ་བླག་ངང་མཇུག་འགྲིལ་བ་རེད། 

     ཉིན་དེའི་དགོང་མོར་སྐད་སྙན་ཚོགས་ཆུང་དང་། མི་རིགས་ཚོགས་ཆུང་། གོ་བདེ་ཚོགས་ཆུང་བཅས་ཁྱོན་བདམས་ཐོན་པ་24འཁྲབ་སྟེགས་མཉམ་དུ་འགྲན་བསྡུར་བྱས་པ་དང་། འཁྲབ་སྟོན་རྣམ་གྲངས་ནང་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་རོལ་དབྱངས་གྲགས་ཅན་གྱི་གཞས་ཡོད་ལ་བོད་ལྗོངས་ས་གནས་ཀྱི་མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་གླུ་གཞས་ཀྱང་ཡོད་པ་རེད།  

  

     རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་མཁན་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྨོན་ལམ་རྡོ་རྗེ་དང་། རྒྱལ་སྤྱིའི་ཐོག་སྐད་གྲགས་ལྡན་པའི་བོད་རིགས་སྐྱེས་པའི་སྐད་གདངས་མཐོ་བའི་གཞས་མཁས་པ་དང་། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་རྒྱལ་སྤྱིའི་གླུ་གར་སློབ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་སོགས་གཞས་པ་གྲགས་ཅན་དང་། རོལ་དབྱངས་པ་ལས་གྲུབ་པའི་ཞིབ་དཔྱད་ཚོགས་པས་འཁྲབ་ཡུལ་དངོས་སུ་ཞིབ་དཔྱད་བྱས་ནས་གཞས་གཏོང་སྟངས་དང་། གཞས་རྩལ། གཟུགས་བརྙན། གཞས་དོན་མཚོན་སྟངས། རོལ་དབྱངས་ཀྱི་ཉམས་འགྱུར་སོགས་ཀྱི་ཐད་ནས་འགྲན་ཞུགས་བདམས་ཐོན་པ་ཚང་མར་ཁྱོན་ཡོངས་ནས་ཞིབ་དཔྱད་བྱས་པ་རེད། 

  

    བོད་རང་སྐྱོང་ལྗོངས་རིག་གནས་ཐིང་སྒྱུ་རྩལ་ཁྲུའི་ཁྲུའུ་ཀྲང་སྒྲོལ་དཀར་གྱིས་ཟླ་6པའི་ཟླ་མཇུག་ནས་ད་བར་མི་མང་པོ་ཞིག་གིས་ད་ཐེངས་ཀྱི་འགྲན་བསྡུར་ལ་དོ་ཁུར་བྱེད་ཀྱི་ཡོད། འགྲན་བསྡུར་ཁྲོད་ཆའང་རིགས་དང་སོག་རིགས་སོགས་གྲངས་ཉུང་མི་རིགས་གཞན་དག་གི་བདམས་ཐོན་པའང་ཡོད་པས། ད་ཐེངས་ཀྱི་འགྲན་བསྡུར་ལ་མི་རིགས་ཀྱི་གཞི་རྒྱུ་མི་ཉུང་བ་ཞིག་བསྣན་ཡོད་བརྗོད། 

     འགྲན་བསྡུར་གྱི་ཐོག་མའི་འགྲན་བསྡུར་ནང་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་དེ་བཞིན་ལྗོངས་ཕྱི་ནང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་ཆེན་སློབ་མ་108འགྲན་བསྡུར་ནང་ཞུགས་པ་རེད། མིང་ཐོ་འགོད་པའི་ཆེད་ལས་ཚོགས་ཆུང་གི་བདམས་ཐོན་པ་52དང་མིང་ཐོ་འགོད་པའི་ལས་ཞོར་ཚོགས་ཆུང་གི་བདམས་ཐོན་པ་56ཡོད་པ་རེད། འགྲན་བསྡུར་ནང་སྐྱེས་པའི་བདམས་ཐོན་པ་73དང་བུད་མེད་བདམས་ཐོན་པ་35ཡོད་པ་རེད།

     བྱེད་སྒོ་དེ་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་གཉེར་འགན་ཁུར་བ་རེད། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1