༄༅། །ངོ་སོ་བསྟོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-23


དྲི་བྲལ་དར་དཀར་ཕྱི་རུ་འཕྱངས་པའི་གངས་རི་དཀར་པོའི་ངོ་སོ་བསྟོད། །

ཁ་དོག་དམར་སྨུག་གོས་སུ་བྱས་པའི་རྫ་རི་སྨུག་པོའི་ངོ་སོ་བསྟོད། །

སྟུག་ཅིང་ཚང་ཚིང་དབུས་སུ་བཀླུབས་པའི་ནགས་ཀླུང་ཕྱུག་མོའི་ངོ་སོ་བསྟོད། །

གངས་ལྗོངས་ཉི་མ་གཞོན་ནུ་ཁྱེད་ནི་ང་ཡི་འཚོ་བའི་རྒྱབ་རྟེན་ཡིན། །


ཐང་དཀར་རྒོད་པོའི་གནས་ལམ་མཐོན་པོ་བྲག་དཀར་རི་བོའི་ངོ་སོ་བསྟོད། །

ཁུ་བྱུག་སྔོན་མོའི་གཡང་ཁྱིམ་དྲོན་མོ་སྤང་རི་སྔོན་མོའི་ངོ་སོ་བསྟོད། །

གླག་རྒོད་ངར་མའི་གཞིས་ཁྱིམ་བཙན་པོ་གཡང་གཟར་རི་བོའི་ངོ་སོ་བསྟོད། །

གངས་ལྗོངས་ཉི་མ་གཞོན་ནུ་ཁྱེད་ནི་ང་ཡི་མ་འོངས་དམིགས་འབེན་ཡིན། །


སྦྲང་མ་ཆུང་ཆུང་དིར་དིར་འཁོར་སའི་གཡས་ཀྱི་རི་བོའི་ངོ་སོ་བསྟོད། །

བྱིས་ཕྲུག་སྣབས་ལུད་རྣམ་གཡེང་རོལ་སའི་གཡོན་གྱི་རི་བོའི་ངོ་སོ་བསྟོད། །

འབའ་འབའ་ལུ་གུ་རྩེ་ལ་ལྡིང་སའི་སྤང་ལྗང་སྔོན་མོའི་ངོ་སོ་བསྟོད། །

གངས་ལྗོངས་ཉི་མ་གཞོན་ནུ་ཁྱེད་ནི་ང་ཡི་འདས་སོང་གཏམ་རྒྱུད་ཡིན། །


ཕུགས་བསམ་བརྟན་མོས་རྒྱགས་ཕྱེ་བྱས་ནས་ལམ་ཐག་རིང་པོ་བགྲོད་པར་ཆས། །

མཐུན་སྒྲིལ་དམ་པའི་ལག་ཟུང་སྦྲེལ་ནས་བོད་ཡུལ་སྟོད་སྨད་བར་གསུམ་འགྲིམས། །

གངས་ལྗོངས་ཉི་མ་གཞོན་ནུ་ཁྱེད་ནི་གངས་རིའི་ཡུལ་ན་བརྗིད་ཀྱང་གསལ། །

སྙིང་ནས་གུས་ཤིང་སེམས་ཀྱིས་དད་པའི་ཉི་མ་གཞོན་ནུའི་ངོ་སོ་བསྟོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1