ཞི་ཅིན་ཕིང་ནས་གནང་བའི་གསུང་བཤད་འདིར་ལན་ཆ་བཟང་པོ་བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-04


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། སྲོག་ཤིང་ལ་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་དང་འབད་བརྩོན་ཆེན་པོས་དམག་དཔུང་སྟོབས་ཆེར་གཏོང་བའི་ཆོད་སེམས་བརྟན་པོ་བཅངས་ནས་དུས་རབས་གསར་པའི་དམག་དཔུང་གི་ལས་འགན་ནུས་ལྡན་ངང་བསྒྲུབ་ནས་ཏང་གིས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་མི་དམངས་དམག་དཔུང་དེ་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་ཁྱོན་ཡོངས་ནས་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

        རྒྱ་ཆེའི་དཔོན་དམག་ཚོས་འཕྲལ་དུ་གསར་འགྱུར་ལ་གསན་གཟིགས་གནང་བ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་བླངས་པར་མི་སེམས་ལ་སྐུལ་ལྕག་ཐེབས་ཤིང་སྙིང་སྟོབས་རབ་ཏུ་འཕེལ་ཡོད། ཚང་མས་བློ་བརྟན་འགྱུར་མེད་ངང་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆེས་རྩ་བར་གྱུར་བ་ནི་ཏང་གི་སྲོག་ཤིང་དང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱ་རྒྱུ་དེ་རེད། ཤིན་ཅང་དམག་ཁུལ་ཁང་གི་མཉམ་སྡེབ་མདའ་ཤོག་ག་གེ་མོའི་ཆབ་སྲིད་ཨུ་ཡོན་ཏུང་ཧྥེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་མི་རྣམས་ཀྱི་བློ་སྒོ་འབྱེད་པ་དང་སྟོབས་ཤུགས་ཀྱི་ཁེངས་ཡོད། ང་ཚོས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”སྔར་བས་ཆེ་རུ་གཏོང་བ་དང་། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བཅས་བྱེད་དགོས། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་དུས་རབས་ཀྱི་འབོད་སྐུལ་ལ་དམིགས་ཏེ་ང་ཚོས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་ལས་འགན་དང་འགན་འཁྲི་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་མེས་རྒྱལ་གྱི་མཐའ་མཚམས་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        མཁའ་མཆོང་དམག་གི་སྦྱོང་བརྡར་རྟེན་གཞི་ག་གེ་མོ་ཞིག་གི་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་ཧྲི་ཡན་མའེ་ཡིས། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཆབ་སྲིད་རང་བཞིན་དང་། རིགས་པའི་གཞུང་ལུགས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ལས་འགན་དང་འགན་འཁྲིར་དམ་པོར་དམིགས་པ་དང་། ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། ལས་གནས་ཐོག་སྦྱོང་བརྡར་བྱ་རྒྱུར་དམ་འཛིན་བྱེད་པ། དམག་འཐབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། དམག་འཐབ་ཀྱི་སྤྱོད་ཚུལ་བརྟན་པོ་སྦྱོང་བ་བཅས་བྱ་རྒྱུ་ཡིན་ཞེས་བསྟན་འདུག

        ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་འདས་ཟིན་པའི་ལོ་ལྔ་ཡི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེའི་འཕོ་འགྱུར་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་བསྡོམས་གནང་ཡོད། དཔོན་དམག་ཚོས་གཅིག་མཇུག་གཉིས་མཐུད་ངང་ངེས་པར་དུ་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་གསར་གཏོད་ཀྱིས་ཏང་གིས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་རྔ་བ་ཉིང་ལག་རུ་ཁག་གི་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་ལི་ཀྲི་ཅུན་གྱིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔའི་ནང་། དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་སྔར་བས་བརྟན་དུ་ཕྱིན་པ་དང་། དམག་སྦྱོང་དམག་གྲབས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་ཐེབས་པ། རྒྱལ་ཁབ་ཆེན་པོའི་ལྕི་བའི་སྒྲིག་ཆས་གཅིག་རྗེས་གཉིས་མཐུད་ངང་མངོན་འགྱུར་བཅས་བྱུང་ཡོད། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་ཏང་གི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཡོད། ང་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཐག་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། བློ་སྟོབས་ཆེན་པོས་བསྒྱུར་བཅོས་བྱེད་པའི་ཆོད་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། འགག་གཏོར་དཀའ་སེལ་གྱི་བློ་སྟོབས་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཞུམ་མེད་ངང་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བསྟན་འདུག

        རྒྱ་ཆེའི་དཔོན་དམག་ཚོས་མགྲིན་དབྱངས་གཅིག་གྱུར་ཐོག དམག་གྲབས་དམག་རྒྱག་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། དམག་འཐབ་ནུས་པའི་ཚད་གཞི་དང་དམག་འཐབ་དངོས་ཀྱི་བླང་བྱ་དེ་དཔུང་སྡེ་འཛུགས་སྐྱོང་གི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། དཔུང་སྡེའི་དམག་འཐབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད།

        མེ་ཤུགས་འཕུར་མདའི་དམག་དཔུང་ག་གེ་མོའི་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་གཞོན་པ་ཏེང་ཧྲོན་ཧུའུ་ཡིས། ཉེ་བའི་ལོ་ཤས་རིང་། དཔུང་སྡེས་སྔ་རྗེས་སུ་ས་མཐོ་དང་། བྱེ་ཐང་། རི་ཁུག ནགས་ཚལ་སྟུག་པོའི་ཁྲོད་བཅས་སུ་བསྐྱོད་དེ་མཉམ་འབྲེལ་ནང་སྦྱོང་དང་། མཉམ་འབྲེལ་སྦྱོང་བརྡར། དངོས་སུ་མེ་མདའ་སྤྱོད་པ། འགྲན་རྒོལ་ཞིབ་འཇུག་སྦྱོང་བརྡར་སོགས་ནང་སྦྱོང་གི་ལས་འགན་གལ་ཆེན་མང་པོ་ལེགས་སྒྲུབ་བྱས་པས། དམག་འཐབ་དངོས་ཀྱི་སྦྱོང་བརྡར་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ་དང་དུས་རབས་གསར་པར་རྒྱལ་ཁ་ལེན་པའི་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ང་ཚོས་དམག་མིའི་ནང་ཞུགས་ནས་དམག་རྒྱག་པ་དང་། དམག་མི་ཁྲིད་ནས་དམག་རྒྱག་པ། དམག་མིར་སྦྱོང་བརྡར་སྤྲད་ནས་དམག་རྒྱག་པ་བཅས་ཀྱི་བསམ་བློ་བརྟན་པོ་བཙུགས་ཐོག དམག་འཐབ་དོན་གཉེར་དང་དམག་འཐབ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ལྟེ་བའི་དམག་དོན་གྱི་ནུས་པ་ཆེ་རུ་གཏོང་བ། དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་དམག་རྒྱག་པའི་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་གི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད།

        མཚོ་དམག་མཁའ་འགྲུལ་སློབ་ཆེན་གྱི་རྟེན་གཞི་ག་གེ་མོའི་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་ཀྲོའུ་ཏུང་པིན་གྱིས། ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་གཙོ་འཛིན་གྱི་མངག་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། འབད་འབུངས་ཡར་བརྩོན་བྱེད་པ། ཞུམ་མེད་མདུན་སྐྱོད་བྱེད་པ། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་སྙིང་སྟོབས་ལས་བྱུང་བའི་ཆབ་སྲིད་ཀྱི་སྤྲོ་སེམས་དེ་དམ་བཅའ་ཟབ་མོ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ནས། སེམས་ནུས་ཡོད་རྒུ་གྲུ་འབབ་གནམ་གྲུའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དམག་གྲབས་དམག་རྒྱག་ཐོག་བཞག་སྟེ་འབད་འབུངས་ཡར་བརྩོན་གྱི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1