༄༅།།མཚོ་སྔོན་གྱི་མིང་དུ་གྲགས་པའི་བབས་སྒྲུང་པ་ཚེ་རིང་དབང་འདུས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 08-05




1504317923264086.png

གེ་སར་སྒྲུང་བ་ཚེ་རིང་དབང་འདུས་ནི1936ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གོར་མོ་གྲོང་ཁྱེར་གདང་ལ་ཞང་རུ་ཁག་གཉིས་པའི་འབྲོག་ཁྱིམ་དཀྱིས་མ་ཞིག་ནས་སྐྱེས། ཁོང་ནི་བབས་སྒྲུང་ལ་གཏོགས་པའི་སྒྲུང་བ་ཡིན། ཁོང་ཉིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་སྒྲུང་དཔེ120ལྷག་བཤད་ཤེས་པར་བཤད། 1987ལོར་མཚོ་སྔོན་པོར་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་སྒྲུང་བཤད་ཚོགས་འདུ་ཐེངས་དང་པོའི་སྟེང་དུ་བྱ་དགའ་ཨང་དང་པོ་ཐོབ་པ་ནས་ཁོང་གི་མཚན་ཉིད་ཕྱོགས་སོ་སོར་ཁྱབ། 1990ལོར་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་དུ་གདན་འདྲེན་བྱས་ཏེ་སྒྲུང་བའི་ལས་གནས་ཐོབ། ཁོང་གིས་སྒྲུང་ཁག13སྒྲ་བླངས་ནས་སྒྲ་ཐག979དང་དུས་ཚོད་སྐར་མ58740ལྷག་ཡོད། «ཨ་སྟག་ཤ་རྫོང་» དང་ «ཐོག་གླིང་གཡུལ་འགྱེད་»སོགས་སྒྲུང་དཔེ་བརྒྱད་ཟིན་བྲིས་དང་དག་སྒྲིག་བྱས་ཤིང་དཔེ་སྐྲུན་མཛད་ཡོད།

གེ་སར་ཞིབ་འཇུག་པ་མང་པོས་ཚེ་རིང་དབང་འདུས་ཀྱིས་བཤད་པའི་སྒྲུང་བརྒྱུད་རིམ་ལྡན་ཞིང་བརྗོད་དོན་ཆ་ཚང་བ་དང་རྗོད་ཚིག་སྙན་ཞིང་ཡིད་འགུག་གི་ནུས་པ་ལྡན་ལ། རིག་གཞུང་གི་རིན་ཐང་དང་རྩོམ་རིག་གི་རིན་ཐང་ལྡན་ཞེས་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། 1991ལོར་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། རིག་གནས་པུའུ། ཀྲུང་གོ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་བཅས་ཀྱིས་གེ་སར་སྒྲུང་པ་གྲགས་ཅན་ཞེས་པའི་མཚན་སྙན་གནང་ལ། 1997ལོར་གེ་སར་སྒྲུང་སྔོག་འདོན་དང་ཞིབ་འཇུག་ལ་བྱས་རྗེས་ཅན་གྱི་ཕུལ་བྱུང་མི་སྣའི་བྱ་དགའ་གནང་། 2005ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོག་སྣོན་ཐོབ་པའི་ཆེད་མཁས་པར་བདམས། 2007ལོར་རིག་གནས་པུའུ་དང་ཀྲུང་གོ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་ཀྱིས་གེ་སར་སྒྲུང་གི་ཕུལ་བྱུང་རྒྱུན་འཛིན་པ་ཞེས་པའི་མཚན་སྙན་གནང་སྟེ་གཟེངས་བསྟོད་བྱས། 2007ལོར་ལས་ཁྱུར་ངལ་གསོ་བྱས་ཏེ་རང་ཁྱིམ་དུ་སྒྲུང་མང་པོ་སྒྲ་བླངས་ནས་མཚོ་སྔོན་ཞིང་ཆེན་རིག་གནས་ཐིན་གཟུགས་འདས་རིག་གནས་སྲུང་སྐྱོབ་ལྟེ་གནས་སུ་སྤྲད་ཡོད། 2014ལོའི་ཟླ5བའི་ཚེས29ཉིན་ཚེ་ལས་འདས། སྒྲུང་པས་མི་ཚེ་གང་བོར་གེ་སར་སྒྲུང་མང་པོ་བཤད་དེ། མཚོ་སྔོན་ཞིང་ཆེན་གྱི་གེ་སར་སྒྲུང་གི་འཚོལ་སྡུད་དང་། མྱུར་སྐྱོབ། སྔོག་འདོན། སྲུང་སྐྱོབ། ལེགས་སྒྲིག ཞིབ་འཇུག་བཅས་ཀྱི་ཐད་ལ་བྱས་རྗེས་མི་དམན་པ་བྱས་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1