ད་ལོར་དཀར་མཛེས་ཁུལ་གྱིས་ཞིང་འབྲོག་པའི་ཡོང་འབབ་འཕར་ཐབས8བཏོན་འདུག།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-05




    སྤྱི་ཟླ7ཚེས29ཉིན་ལ། ཁུལ་ཡོངས་ཀྱི་འབྲོག་ཁུལ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱིས་བཏོན་པའི་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་རབ་དང་རིམ་པ་ཟུང་དུ་འབྲེལ་ཞིང་། རང་རེའི་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་དབུལ་ཐར་མི་འབོར་གྱི་ཡོང་འབབ་འཕར་ཚད་དེ་ས་གནས་དེ་གའི་ཞིང་འབྲོག་པའི་ཡོང་འབབ་འཕར་ཚད་ལས་མཐོ་བ་དང་། དབུལ་ཐར་ས་ཁུལ་གྱི་ཞིང་འབྲོག་པའི་ཡོང་འབབ་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པའི་ཡོང་འབབ་འཕར་ཚད་ལས་མཐོ་བ་འགན་ལེན་བྱ་ཆེད། རང་རེའི་ཁུལ་གྱིས《2022ལོའི་དཀར་མཛེས་ཁུལ་གྱི་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་མ་གཏོང་བའི་བྱ་ཐབས་ཁག་བརྒྱད》(གཤམ་དུ་བྱེད་ཐབས་ཞེས་བསྡུས་ཡོད)བཏོན་པ་རེད། 

   《བྱེད་ཐབས》དེར་དོན་ཚན་ཁྱོན་བསྡོམས་བརྒྱད་ཡོད་ཅིང་། དམངས་ཕན་སྲིད་ཇུས་དོན་འཁྱོལ་ནན་ཏན་དང་། ཞིང་ལས་དང་འབྲེལ་བ་ཡོད་པའི་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སོན་བཟང་དང་ཐབས་བཟང་ཁྱབ་གདལ་གཏོང་ཞིང་། ཕྱུགས་རིགས་བཤས་ཁོངས་སུ་གཏོང་ཞིང་ཕྱིར་འཚོང་བའི་ལས་དོན་དམ་འཛིན་ཡག་པོ་བྱེད་པ། ལས་ཞུགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་རྒྱག་པ། ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་འདོན་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་སོགས་ཀྱི་ཐད་ཞིབ་ཕྲའི་བྱ་ཐབས་བཟོས་པར་མ་ཟད། འགན་འཁྲིའི་ཚན་པ་ཁ་གསལ་བཟོས་ནས། སྲིད་ཇུས་སྣ་མང་མཉམ་དུ་སྤྱད་དེ་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་མུ་མཐུད་དེ་རྒྱ་ཆེར་བཏང་ནས་ཐུན་མོང་ཐོག་ཕྱུག་འབྱོར་གྱི་རྨང་གཞི་བརྟན་དུ་གཏང་དགོས་པའི་བླང་བྱ་བཏོན་པ་རེད། 




 《བྱེད་ཐབས》ཞིབ་ཕྲ་གཤམ་གསལ། 


     གཅིག། སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་ཡོང་འབབ་མང་དུ་གཏོང་བ་ལས་ཉུང་དུ་མི་གཏང་རྒྱུ། དམངས་ཕན་ཞིང་སྐྱོར་མ་དངུལ་སྒོར་ས་ཡ6ཡན་མང་དུ་གཏང་རྒྱུ། མ་མཐའི་འཚོ་བ་འགན་ལེན་ཐད“འགན་ལེན་བྱ་དགོས་རིགས་འགན་ལེན་བྱེད་པ”པ་དང་།ཞིང་སྡེའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་དང་འཚོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་ཅིང་། དྭ་ཕྲུག་གི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་རང་བཞིན་ངང་འཕར་བའི་ལམ་སྲོལ་འཛུགས་པ།

    གཉིས། ཞིང་འབྲེལ་ཁེ་ལས་ཀྱིས་ཞིང་པར་འབྲེལ་བ་དང་སྐུལ་ཁྲིད་བྱེད་པ། ཁུལ་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས5མང་དུ་གཏང་རྒྱུ། ཞིང་འབྲེལ་སྣེ་ཁྲིད་ཁེ་ལས་ཀྱིས་ཞིང་འབྲེལ་དུད་ཚང་ཁྲི7ཡན་དང་ཡོང་འབབ་སྒོར་དུང་ཕྱུར2.5ཡན་ལ་ཟིན་རྒྱུ།ཁུལ་རིམ་པ་ཡན་གྱི་གླིང་ཁུལ6མང་དུ་བཏང་ནས་ཕན་པ་ཐོབ་པའི་ཞིང་འབྲོག་པ་ཁྲི40ཡན་ལ་ཟིན་རྒྱུར་སྐུལ་ཁྲིད་བྱེད་ཅིང་།གླིང་ཁུལ་ནང་གི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་ཞིང་འབྲོག་པར་ས་ཆ་དེ་གའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བརྒྱ་ཆ20ཡན་མཐོ་རུ་ཡོང་དགོས།

    གསུམ། ཚན་རྩལ་གྱིས་ཞིང་ལས་འབབ་འཕར་ལ་སྐུལ་ཁྲིད་བྱ་དགོས།ཁམས་ནས་སོན་བཟང་གསར་པ་མུའུ་ཁྲི0.87དང་ཕྱུགས་རིགས་རྒྱུད་བཟང་མགོ་གྲངས་ཁྲི1ཁྱབ་སྤེལ་དང་གསར་དུ་བསྣན་ཞིང་། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི11གསར་དུ་བསྣན་དགོས། ཞིང་འབྲོག་ལས་ཀྱི་དངོས་སྤྱོད་ལག་རྩལ་མི་སྣ་ཁྲི3གསར་དུ་གསོ་སྦྱོང་བྱ་རྒྱུ་དང་། ལོ་ཏོག་ནད་འབུའི་གནོད་འཚེ་འབྱུང་འཕྲོད་འགོག་ཟོན་ལག་རྩལ་གསར་པ་ཁྱབ་གདལ་མུའུ་ཁྲི0.5གཏང་རྒྱུ། དུས་ཐུང་ནང་ནོར་གནག་བཤས་གཏོང་མགོ་གྲངས7000ཡན་རྒྱགས་གསོ་བྱེད་པ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི3.82བཟོ་བ་དང་དེང་རབས་ཞིང་ལས་ཐོན་ལས་རྟེན་གཞི་མུའུ་ཁྲི12ལ་ཟིན་པ་བྱ་རྒྱུ། ཞིང་ལས་ལོ་ཏོག་གཙོ་བོའི་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད་བརྒྱ་ཆའི་གྲངས1མཐོ་རུ་གཏང་རྒྱུ།

    བཞི། བཤས་ཁོངས་སུ་གཏོང་ཚད་མང་དུ་བཏང་ནས་ཕན་འབྲས་ཆེ་རུ་གཏང་དགོས། ནོར་གནག་དང་། བོད་ཕག། ལུག་སོགས་ཕྱུགས་རིགས་སྣ་ཚོགས་བཤས་ཁོངས་སུ་གཏོང་ཚད་མགོ་གྲངས་འབུམ་གཅིག་ཁྲི་གཉིས་ལ་གསར་དུ་འཕར་རྒྱུ།

    ལྔ། རྩལ་ནུས་གསོ་སྦྱོང་བྱས་ནས་ལས་ཞུགས་ཐུབ་པ་བྱ་དགོས།ཞིང་འབྲོག་མང་ཚོགས་ལ་ཁ་གསབ་རང་བཞིན་གྱི་རྩལ་ནུས་གསོ་སྦྱོང་མི་ཁྲི0.3ཡན་གསར་དུ་བསྣན་རྒྱུ།རིགས་ཁག་གི་ཆེད་དོན་སྦྱོང་བརྡར་མི་ཁྲི2ཡན་ལ་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱིས་རང་བརྟེན་ལས་འདེམས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་ནུས་པ་ཆེ་རུ་གཏང་དགོས། 

    དྲུག། ལས་གནས་གསར་སྤེལ་གྱི་ཡོང་འབབ་མང་དུ་གཏང་དགོས།ངལ་ལས་སྤྱི་གཉེར་ཁང3གསར་དུ་འཛུགས་ཤིང་། ལས་གནས་འོས་སྦྱོར(གདན་ཞུ)ཚོགས་འདུ་ཐེངས40བྱ་རྒྱུ་དང་ལས་གནས་ཆ་འཕྲིན་ཁྲི8འོས་སྦྱོར་བྱ་རྒྱུ། ཞིང་འབྲོག་མང་ཚོགས་ཁྲི15ལས་ཞུགས་གཞན་སྒྱུར་ཐུབ་པ་བྱ་དགོས།སྤྱི་ཕན་ལས་གནས་ཁྲི2.43གསར་དུ་སྤེལ་བ་དང་།ཁྲོན་བོད་ལྕགས་ལམ་གྱི་ལས་ཞུགས་ལས་གནས་ཁྲི0.3མང་དུ་བཏང་བ།ཞིང་འབྲེལ་ཁེ་ལས་ཀྱི་ལས་མི་ཁྲི0.1ཡན་ལ་ཟིན་པ་བྱ་རྒྱུ། རྒུད་གསབ་ལས་སྤྲོད་ཀྱི་ལས་གཞི13གསར་དུ་ལག་ལེན་བསྟར་བ་དང་།མི་ཁྲི0.07ལ་སྐུལ་ཁྲིད་བྱེད་ཅིང་ངལ་ལས་ཀྱི་གླ་ཆ་སྒོར་ས་ཡ8ཡན་སྤྲད་པ།ངལ་རྩོལ་ནུས་ཤུགས་ཡོད་པའི་དབུལ་ཐར་ཁྱིམ་ཚང་ལ་མ་མཐའ་ཡང་མི1ལས་ཞུགས་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། 

    བདུན། ཁེ་འབབ་བགོ་འགྲེམ་ཡོང་འབབ་མུ་མཐུད་མང་དུ་ཕྱིན་པ། ཁྱོན་ཡོངས་ནས་ཡོང་འབབ་བགོ་རྒྱུ་མེད་པའི་གྲོང་ཚོ་མེད་པ་བཟོས་ཏེ་མི་རེར་ཆ་སྙོམས་ཡོང་འབབ་སྒོར100ཡན་རག་རྒྱུའི་བརྩོན་ལེན་བྱ་རྒྱུ། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར1དང་སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་སྒོ་སྒོར་དུང་ཕྱུར0.3གསར་དུ་འཕར་བ་དང་། ཁུལ་ཡོངས་སུ་རྨོ་ཞིང་དང་།རྩྭ་ཐང་།ནགས་ས་བཅས་འཁོར་རྒྱུག་རྒྱ་ཁྱོན་མུའུ5515ལ་ཟིན་རྒྱུ་འགན་ལེན་བྱེད་ཅིང་། ཁང་ས་དང་ཞིང་པའི་སྡོད་ཁང་འཁོར་རྒྱུག(རང་གཉེར)ཁྲི0.68ཡན་མང་དུ་གཏང་རྒྱུ།

    བརྒྱད། ལམ་སྲོལ་འཐུས་ཚང་དུ་བཏང་ནས་འགན་འཁྲི་དོན་འཁྱོལ་བྱ་དགོས།རྫོང(གྲོང་ཁྱེར)ཨུའི་ཧྲུའུ་ཅི་དང་རྫོང(གྲོང་ཁྱེར)དཔོན་ནི་འགན་འཁུར་བ་དང་པོ་ཡིན། ཞིང་ལས་བསྡོམས་རྩིས་མཐུན་སྦྱོར་གྱི་གྲོས་མོལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་དུས་བཀག་ནང་ཞིང་འབྲོག་པའི་འབབ་འཕར་གྱི་འབྲེལ་ཡོད་ལས་དོན་ལ་ཉན་འཇོག་དང་།ཞིབ་འཇུག། བཀོད་སྒྲིག་བཅས་བྱ་དགོས། ཁུལ་དང་རྫོང(གྲོང་ཁྱེར)གི་འབྲེལ་ཡོད་སྡེ་ཚན་གྱིས་འགན་ནུས་དང་འགན་འཁྲི་གཞིར་བཟུང་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བའི་ཞིབ་ཕྲའི་ལས་དོན་གྱི་འགན་འཁུར་དགོས། འབྲེལ་གཏུག་དང་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་ཞིང་། བརྟག་དཔྱད་བྱེད་མཁན་དུད་ཚང་གི་གཏོང་ཡོང་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་མ་ཟད། དུས་ཐོག་ཏུ་རོགས་སྐྱོར་བྱེད་ཐབས་ཀྱང་སྤྱད་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1