༄༅།།མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ཇི་ལྟར་བྱུང་བའི་སྐོར།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-09


གླེང་གཞི།

དང་པོ་རྩོམ་པ་པོའི་ལོ་རྒྱུས་སྐོར། ཆོས་འབྱུང་འདིའི་མ་དཔེའི་ཁ་བྱང་དང་མཇུག་བྱང་གཉིས་ཀར་ <<མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་>>ཞེས་འཁོད་པ་ཙམ་ལས། ཡིག་དངོས་ཀྱི་ནང་རྩོམ་པ་པོའི་མཚན་དང་བརྩམས་དུས་སོགས་ཅི་ཡང་མ་འཁོད་སྟབས་ལྡེའུ་ཞེས་པའི་རུང་མིང་ཚིག་གཅིག་ཁོ་ནར་བརྟེན་ནས་བརྩད་འཚོལ་ཞུ་རྒྱུ་ལས་མ་འདས་ཤིང༌། རུས་མིང་དེ་རང་ལ་དཔག་རུང་དུས་ཚོད་སྔ་རབས་ཤིག་ཡིན་པར་མཚོན་པ་བཅས་ང་ཚོ་དཔེ་སྒྲིག་པའི་ཐོས་རྒྱ་ཁབ་མིག་ལྟར་ཕྲ་བས་ད་ཕན་ལོ་བཞི་ལྔའི་རིང་འཚོ་ཞིང་གཞེས་པའི་མཁས་དབང་བགྲེས་རབས་དུ་མ་ཞིག་ལ་བཀའ་འདྲི་ཞུས་རུང་བཀའ་ལན་ངེས་རྙེད་ཅིག་མ་ཐོབ་ཅིང༌། ལོ་རྒྱུས་ཀྱི་རིགས་ལག་ཏུ་སོན་ཚད་ལ་དོ་སྣང་ཞུས་ཁུལ་ཡང་དེའི་ཁྲོད་ནས་<<ཆོས་འབྱུང་དེབ་ཐེར་སྔོན་པོ་>>ཡི་ནང་ཞི་བྱེད་རྒྱུད་པ་བར་མའི་སོ་ལུགས་འཆད་པའི་སྐབས་་་་་་་་་་་ཡང་སོས་ཤ་མི། དེས་དགེ་བཤེས་ལྡེའུ། དེས་རྒྱལ་བ་དཀོན་སྐྱབས། དེས་རོག་ལའོ་་་་་(ལྕགས་པར་གྱི་དེབ་ངོས་༡༠༢༥་་་་་་་་༡༠༣༣ཞེས་གསལ་བ་དེ་ཡིན་པར་རྩིས་ན། སོ་ཆུང་པ་དགེ་འདུན་འབར་ནི་ཕ་དམ་པ་སངས་རྒྱས་ཀྱི་དངོས་སློབ་ཡིན་ཅིང༌། བོད་རབ་བྱུང་དང་པོའི་ཆུ་སྟག་སྤྱི་ལོ་ ༡༠༦༢ ལོར་འཁྲུངས་ནས་རབ་བྱུང་གཉིས་པའི་ས་སྤྲེ་སྤྱི་ལོ་ ༡༡༢༨ ལོར་གཤེགས་པ་དང༌། དེའི་སློབ་མ་ཤ་མི་སྨོན་ལམ་འབར་ཡང་བོད་རབ་བྱུང་དང་པོའི་ཤིང་གླང་སྤྱི་ལོ་ ༡༠༨༥ ལོར་འཁྲུངས་ནས་རབ་བྱུང་གསུམ་པའི་ལྕགས་ཡོས་སྤྱི་ལོ་ ༡༡༧༡ ལོར་གཤེགས་འདུག་པ་བཅས་ལ་དཔག་ན་དགེ་བཤེས་ལྡེའུ་ནི་དུབ་རབས་བཅུ་གཉིས་པའི་ནང་བྱུང་བ་ཞིག་ཡིན་པས་ཆོས་འབྱུང་འདི་བརྩམས་ནས་ད་ཕན་མི་ལོ་བརྒྱད་བརྒྱ་ཡས་མས་ཤིག་སོང་བར་མངོན་པ་ལས། དེ་མིན་མཁས་པ་ལྡེའུ་རང་གི་འཁྲུངས་གཤེགས་ཀྱི་ལོ་དང་མཛད་པ་ཞིབ་མོར་འཁོད་པའི་རྣམ་ཐར་ལྟ་ཅི། ཁོང་གི་མཛད་པ་དང་འབྲེལ་བ་ཡོད་པ་དཔྱད་གཞིར་འཛིན་འོས་ཀྱི་ཡིག་ལམ་གཞན་གང་ཡང་བཙལ་རྙེད་མ་ཐུབ་ཅིང༌། དེ་མིན་དཔྱད་གཞི་གཞན་ཞིག་ནི། ཆོས་འབྱུང་འདི་ཉིད་ཀྱི་མ་དཔེའི་ཤོག་གྲངས་༡༠༢ པའི་རྒྱབ་བོད་ཀྱི་ལོ་རྒྱུས་འཆད་འགོ་བརྩམ་པའི་མཆོད་པར་བརྗོད་པའི་འགྲེལ་བཤད་ནང་་་་་་གང་ཟག་གང་གིས་ཕྱག་བཙལ་ན། སྔོན་བྱུང་རིག་པའི་གནས་ལ་མཁས་པའི་དགེ་བཤེས་ཇོ་འབུམ། ད་ལྟར་མཁས་པ་ཇོ་ནམ། རྗེས་འཇུག་ཏུ་ཕྱི་རབས་གང་ཟག་འདི་ལ་ཉན་བཤད་བྱེད་པ་བཅས་ཀྱིས་སོ་་་ཞེས་གསལ་བར་གཞིགས་ན། ཆོས་འབྱུང་འདིའི་རྩ་བའི་གཞུང་རྩོམ་པ་པོ་ནི་དགེ་བཤེས་ཇོ་འབུམ་ཞུ་བ་དེ་ཡིན་པ་དང༌། རྗེས་སུ་མཁས་པ་ཇོ་ནམ་ཞེས་པས་མཇུག་སྐྱོང་གནང་བ་ཞིག་མཚོན་པར་བརྟེན་ང་ཚོས་མཁས་པ་ཇོ་འབུམ་དང༌། ཇོ་ནམ་གྱི་སྐོར་ཡང་འཚོལ་ཞིབ་ཞུས་པ་ཡིན། ཐོག་མར་ཇོ་འབུམ་ནི། <<དེབ་ཐེར་སྔོན་པོ་>>(ལྕགས་པར་མའི་དེབ་ངོས་༡༨༠་་་་་༡༨༢ ནང༌། དུམ་བུ་གསུམ་པ་གསང་སྔགས་སྔ་འགྱུར་སྐབས་ཀྱི་སྒྱུ་འཕྲུལ་གཙོ་བོར་གྱུར་བའི་སྐབས་སུ། རྟ་སྟོན་ཇོ་ཡེའི་སྐོར་བསྟན་པ་ན། དེ་ཡང་མེས་པོ་རྟ་བོན་དབང་གྲགས་བྱ་བ་ཆོས་དང་ཡོན་ཏན་གཉིས་ཀ་བྱེད་པའི་བུ་ནོར་དབང་གསུམ་འཛོམས་པ། གཡུ་རུ་སྟོད་ཀྱི་བདག་པོ་བྱེད་པ་ཞིག་ལ། བུ་བརྒྱད་བུ་མོ་གཉིས་ཏེ་བཅུ་ཐམ་པ་ཡོད། བུ་བརྒྱད་ཀྱི་ཆུང་ཤོས་རྟ་སྟོན་ཇོ་འབུམ། དེའི་བུ་ཇོ་ཡེས་སོ། །ཇོ་འབུམ་གྱིས་ཆུང་དུས་སུ་གཟད་ཀྱི་གྲུམ་བུ་ལུང་པའི་བླ་མ་མདའ་བྱང་ཆུབ་སེམས་དཔའི་སྤྱན་སྔར། པོ་ཏོ་བའི་བཀའ་གདམས་ཀྱི་ཆོས་རྣམས་གསན། དེ་ནས་རང་ཡུལ་དུ་བཞུགས་ཏེ་འཁོར་འབངས་གདམས་ཀྱི་ཆོས་རྣམས་གསན། དེ་ནས་རང་ཡུལ་དུ་བཞུགས་ཏེ་འཁོར་འབངས་དང་ཡུལ་གཞིས་ཤིན་ཏུ་འཛོམས་པར་ཡོད་པ་དེ་དག་ལ་སྐྱོ་བ་སྐྱེས་ཞེན་པ་ལོག་ནས་གཡོག་བཞི་ཁྲིད་དེ་ལྷ་རྗེ་གླན་ཉ་ཚལ་བའི་ཐུགས་སྲས་གཉོས་ཆུ་བོ་རི་བའི་སྤྱན་སྔར་བྱོན་ཏེ་དཔོན་གཡོག་ལྔས་སྟབས་གཅིག་ཏུ་ཆོས་སྒོར་ཞུགས་ནས། སྔགས་རྙིང་མའི་ཆོས་མང་དུ་གསན། ཁྱད་པར་དུ་རྫོགས་ཆེན་སྐོར་ལུགས་གཞུང་གདམས་ངག་དང་བཅས་པ་ལ་ཤིན་ཏུ་མཁས་པར་གྱུར། བླ་མ་ཕག་མོ་གྲུ་པའི་སྤྱན་སྔར་བྱོན་ལམ་འབྲས་དང༌། ཕྱག་རྒྱ་ཆེན་པོའི་གདམས་པ་མ་ལུས་པ་གསན། གཞན་ཡང་དབུ་རུ་སྟོད་ཀྱི་བླ་མ་འཚར་སྟོན་ལ་ཕྱག་རྒྱ་ཆེན་པོ་སྒང་ལུགས་ཀྱི་དོ་ཏ་སྐོར་གསུམ་ཉན། ཟངས་རི་འབྲོ་རས་ལ་ལོ་རོ་རས་ཆུང་པའི་སྐོར་རྣམས་གསན། ནང་སྟོན་མགོན་པོ་ལ་རྣམ་འཇོམས་དང་ཕུར་པ་གསན། དམར་སྟོན་འཇམ་ལ་བདེ་མཆོག་གསན། བདེ་མཆོག་གི་དབང་བརྒྱ་རྩ་བརྒྱད་ཞུས། དེ་ལྟར་བླ་མ་མང་དུ་བསྟེན་ཀྱང་གཉོས་ཆུ་བོ་རི་པ་དང༌། ཕག་མོ་གྲུ་པ་ལ་རྩ་བའི་བླ་མར་འཛིན། གསན་པ་ཐུགས་ཐག་ཆོད་པ་དང་ཆུ་བོ་རི་ལ་བཞུགས་ཏེ་སྒྲུབ་པ་མཛད། གདུལ་བྱའི་ཚོགས་ཀྱང་མང་དུ་བསྡུས་ཏེ། གཞན་དོན་རྒྱ་ཆེར་བསྐྱངས། དེ་ལ་སྲས་རྟ་སྟོན་ཇོ་ཡེས་དང༌། དབུས་པ་ཇོ་བསོད་དེ། ཇོ་ཡེས་ཀྱིས་ལོ་བཅུ་གཉིས། ཇོ་བསོད་ཀྱིས་ལོ་བདུན་ལོན་པ་ལ། ཡབ་ཇོ་འབུམ་ལྔ་བཅུ་རྩ་གཅིག་པ་རྟ་ལོ་ཆོ་འཕྲུལ་གྱི་ཚེས་བཅུ་གསུམ་ལ་འདས་་་ཞེས་གསལ་ཞིང༌། ཇོ་འབུམ་འཁྲུངས་གཤེགས་ཀྱི་ཞིབ་ཆའི་ལོ་དུས་ནི། དེའི་སྲས་རྟ་སྟོན་ཇོ་ཡེའི་འཁྲུངས་ལོ་བོད་རབ་བྱུང་གསུམ་པའི་ཆུ་ལུག་སྤྱི་ལོ་ ༡༡༦༣ ལོར་ཡིན་པ་ <<དེབ་སྔོན་>>ནང་གསལ་བ་ལྟར་ཁོང་དགུང་ལོ་བཅུ་གཉིས་སོན་སྐབས་ཡབ་ཇོ་འབུམ་གཤེགས་པའི་རྟ་ལོ་ནི་བོད་ཤིང་རྟ་སྤྱི་ལོ་༡༡༧༥ ལོར་ཡིན་པ་དང༌། དེ་དུས་ཇོ་འབུམ་དགུང་ལོ་ལྔ་བཅུ་ང་གཅིག་ཏུ་ཕེབས་པས་ཁོང་གི་འཁྲུངས་ལོ་ནོ་བོད་རབ་བྱུང་གཉིས་པའི་ཆུ་ཡོས་སྤྱི་ལོ་ ༡༡༢༣ ལོར་ཡིན་པ་གསལ་བོར་མཚོན་ཞིང༌། དེ་ཡང་ཡོངས་སུ་གྲགས་པའི་འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་དགུང་ལོ་བཅུ་གསུམ་སྟེང་ཕེབས་དུས་ཇོ་འབུམ་འཁྲུངས་པ་དང༌། ཕག་གྲུ་གཤེགས་ནས་ལོ་ལྔ་སོང་བའི་རྗེས་ཁོང་གཤེགས་པ་མཚོན་པས་ཕག་མོ་གྲུ་པ་རྩ་བའི་བླ་མར་བསྟེན་པའང་དུས་མཚུངས་པ་འདི་ལ་ཐེ་ཚོམ་མི་དགོས་པ་ར་འཕྲོད། དེས་ན་གོང་དུ་སྨོས་པའི་དགེ་བཤེས་ལྡེའུ་དང་ཡང་དུས་མཉམ་པར་བརྟེན་མཁས་པ་ལྡེའུ་དང་མཁས་པ་ཇོ་འབུམ་བྱ་བ་གཉིས་དོན་གཅིག་མཚན་གྱི་རྣམ་གྲངས་ཤིག་ཡིན་ནམ་སྙམ། དེ་ཡང་ཇོ་འབུམ་གྱི་ཡབ་ལ་རྟ་བོན་དང༌། ཁོང་རང་དང་སྲས་ལ་རྟ་སྟོན་ཞེས་གྲགས་ཇཔའི་རྟ་ནི་ཡུལ་ཚོའམ་ཁྱིམ་ཚང་གི་མིང་དང༌། ལྡེའུ་ནི་རུས་མིང་ཡིན་པར་ཡང་ཆ་མ་འཚལ་ཞིང༌། མཁས་པ་ཇོ་འབུམ་ནི་ཆུང་དུས་ཁྱིམ་གཞིས་བསྐྱངས་ནས་སྲས་གཉིས་བྱུང་བ་དང༌། དེ་རྗེས་ཆོས་སྒོར་ཞུགས་པས་དགེ་བཤེས་ཇོ་འབུམ་ཡང་ཞུ་ཞིང༌། མཁས་པ་ལྡེའུ་ལའང་ལ་ལར་དགེ་བཤེས་ལྡེའུ་ཞེས་འབྱུང་བ་མ་ཟད། ལྡེའུ་ཇོ་སྲས་ཞེས་པའང་ཡོད་པ་སྟེ། <<མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་>>དང༌། <<ལྡེའུ་ཇོ་སྲས་ཀྱིས་མཛད་པའི་ཆོས་འབྱུང་ཆེན་པོ་བསྟན་པའི་རྒྱལ་མཚན་>>ཞེས་བྱ་བའི་ཆོས་འབྱུང་དེ་གཉིས་ཀྱི་རྩོམ་པ་པོ་ནི་གདུང་རྒྱུད་ཡབ་སྲས་ཀྱི་འབྲེལ་བ་ཡིན་པ་ཇོ་སྲས་ཞེས་པས་བསྟན་པ་དང༌། <<དེབ་སྔོན་>>ནང་རྟ་སྟོན་ཇོ་འབུམ་དང༌། དེའི་བུ་ཇོ་ཡེས་ཞེས་གདུང་རྒྱུད་ཡབ་སྲས་ཀྱི་འབྲེལ་བ་གསལ་པོར་མཚོན་པ་གཞི་མཐུན་ཁར། ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་དེའི་ནང་དོན་ཡང་མཁས་པ་ལྡེའུའི་ཆོས་འབྱུང་འདི་རང་ལ་གཞི་བཟུང་བ་མང་དུ་སྣང་བ་བཅས་དང༌། དུས་མཚུངས་པར་རྟ་སྟོན་དང་ལྡེ་སྟོན་ཞེས་སྟོན་པའི་མཚན་ཡང་གཅིག་ཅར་གྲགས་པ་སོགས་སྒོ་གང་ས་ནས་མཐུན་ཆ་མི་ཉུང་བ་ཞིག་མཆིས་པ་ལ་དཔགས་ན་དེ་གཉིས་གཅིག་ཡིན་པར་ཁ་ཚོན་བཅད་ནའང་ཆོག་པ་ཙམ་འདུག་རུང༌། བརྩམས་དངོས་འདི་ལོ་རྒྱུས་ཀྱི་དེབ་ཐེར་གལ་ཆེར་བརྟེན་གོང་དུ་བརྗོད་པ་རྣམས་རེ་ཞིག་ཚང་མས་འཚོལ་ཞིབ་གནང་རྒྱུར་བཏོན་པའི་དཔྱད་གཞི་ཞིག་ལགས་སོ། །

་་ད་ལྟར་མཁས་པ་ཇོ་ནམ་་་ཞེས་པ་དེ་ནི་<<དེབ་ཐེར་སྔོན་པོ>>ལྕགས་པར་མའི་དེབ་ངོས་༤༠༠ པར་གསང་ཕུའི་གདན་རབས་དྲངས་པའི་ནང་་་སློབ་དཔོན་ཇོ་ནམ་གྱིས་ལོ་བཅོ་ལྔ་་་ཞེས་གསལ་བ་དེ་ཡིན་པ་མངོན། དེ་ལྟར་ན་<<ཚལ་བའི་དེབ་དམར་>>ལྕགས་པར་མའི་དེབ་ངོས་༦༧ནང་གསང་ཕུའི་གདན་རབས་བཤད་པ་ལྟར་རགས་ཙམ་རྩིས་ན། རྔོག་བློ་ལྡན་ཤེས་རབ་བོད་རབ་བྱུང་གཉིས་པའི་ས་གླང་ཕྱི་ལོ་ ༡༡༠༩ ལོར་གཤེགས་ནས་མཁན་རབས་བཅུའི་རིང་ལ་ཁྱོན་བསྡོམས་ལོ་བརྒྱ་དང་བཅུ་ཡས་མས་ཤིག་སོང་བའི་རྗེས་གཙང་པ་ཇོ་ནམ་གྱིས་འགྲལ་གྱི་སློབ་མ་བྱས་ནས། འགྲལ་གྱི་གདན་ས་མཛད་ཀྱི་ཡོད་པ་ལ། ནེའུ་ཐོག་ཏུ་བཟད་པ་དོན་གྲུབ་ཀྱིས་གདན་ས་གཏད་དེ་གཉིས་ཀའི་གདན་ས་མཛད་ནས་ཆོས་གཞི་རྣམས་དྲིལ་ཏེ་ལོ་བཅོ་ལྔའི་བར་དུ་གདན་ས་མཛད་ཅེས་གསལ་བས་ཇོ་ནམ་ནི་ཕལ་ཆེར་ཕྱི་ལོ་ ༡༢༣༠ སྐོར་ལ་གཤེགས་པར་མངོན། 

གོང་དུ་བརྗོད་པ་དེ་དག་ལ་དཔགས་ན། <<ལྡེའུ་ཆོས་འབྱུང>>འདི་ནི་ཐོག་མར་མཁས་ལྡེའུས་ཕྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ལ་བརྩམས་པ་དང༌། དེ་རྗེས་དུས་རབས་བཅུ་གསུམ་པའི་སྟོད་ཆར་མཁས་པ་ཇོ་ནམ་གྱིས་ཞུད་འགྲེལ་གནང་ཞིང༌། དུས་སྐབས་དེ་རང་ལ་མཁས་པ་གཞན་ཞིག་གིས་སླར་ཡང་འགྲེལ་སྣོན་མཛད་ཡོད་པ་བཅས་ནི་མ་དཔེའི་ཁ་བྱང་དང༌།མཇུག་བྱང་དུ་མཁས་པ་ལྡེའུས་མཛད་པ་ཞེས་ཞེ་སའི་ཚིག་དང་མཆོད་བརྗོད་ཀྱི་འགྲེལ་བཤད་ནང༌། ་་་་་་་་་་་་་་སྔོན་བྱུང་རིག་པའི་གནས་ལ་མཁས་པའི་དགེ་བཤེས་ཇོ་འབུམ་དང༌། ད་ལྟར་མཁས་པ་ཇོ་ནམ་་་་་་་་་་་་་་ཞེས་གཉིས་ཀར་གུས་བཀུར་གྱི་རྣམ་འགྱུར་འཁོད་པ་ལས་ཀྱང་གསལ་བར་མཚོན་འདུག་སྙམ་པ་བཅས་དེ་དག་ནི་ད་ཕན་ངོ་ཚོའི་ལག་ཏུ་སོན་པའི་འབྲེལ་ཡོད་ཡིག་ཆ་གཞིར་བཀོད་པ་ལགས་ན། ནོར་འཁྲུལ་དང་གནད་ལ་འཁེལ་མིན་བྱུང་རིགས་ལ་སློབ་སྟོན་སྐྱོན་བརྗོད་ཡོང་བ་ཞུ་རྒྱུ་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1