༄༅།། ལྷིང་འཇགས།

སྙིང་མོ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-09


        མོ་བྱིས་པ་ཡིན་དུས། ང་རང་ལྷིང་འཇགས་ལ་ཧ་ཅང་སྐྲག ཡིན་ཡང་མི་ཚེའི་ནམ་ཟླ་སྟོན་ལ་ཉེ་དུས་ང་ནི་ལྷིང་འཇགས་ལ་དུངས་མཁན་ཞིག་ཏུ་གྱུར། གཟའ་མཇུག་དང་ངལ་གསོའི་དུས་ལ་བསླེབས་ཐེངས་རེར། ངས་ཁ་གཡོར་ས་གང་མང་བཙལ་ནས་སློབ་གྲོགས་འདུ་འཛོམས་དང་། ལས་ཁུངས་ཀྱི་སྤྲོ་ཚོགས་སོགས་རྣམ་པ་མི་འདྲ་བའི་འདུ་འཛོམས་ལ་གཡོལ་བཞིན། ལྷིང་འཇགས་ཀྱི་གོ་སྐབས་མང་ཙམ་བཙལ་བ་ཡིན། འོན་ཀྱང་། ངའང་ཐོག་མ་ཉིད་ནས་ལྷིང་འཇགས་ལ་དུངས་མཁན་ཞིག་མ་ཡིན་ཏེ། གཉེན་ཉེ་དང་ཁྱིམ་མི་མེད་པའི་གཞན་ཡུལ་ལུང་པ་འདི་ནས་འཚོ་གནས་ཀྱི་རྐང་ཚུགས་ཆེད། ལས་ཀ་དང་འཚོ་བ་སོགས་ཕྱོགས་གང་ཐད་ནས་ས་མཐའི་མི་ཞིག་གིས་བརྒྱུད་དགོས་པའི་གཙུབ་བརྡར་གྱི་དུས་ཡུན་དེ་བརྒྱུད་ཅིང་། དཀའ་སྡུག་འདྲ་མིན་རང་གཅིག་པུས་གདོང་གིས་བསུ་བཞིན། མག་མོག་གི་ལོ་ཟླ་མོད་པོ་ཞིག་ཁེར་མོས་བགྲངས་མཐར། རིམ་གྱིས་རང་གི་སེམས་ཀྱི་གྲིབ་མ་ལྟ་བུའི་ཁེར་རྐྱང་གི་སྣང་བ་ལ་གདོང་གཏོད་ཐུབ་པར་གྱུར་བ་དང་། གཞི་ནས་ལྷིང་འཇགས་ནི་བག་ལྷོད་པོར་མི་ཚེའི་སྐྱིད་དགའ་དང་མཛེས་ཆ་མཐའ་དག་ཉམས་སུ་མྱོང་བའི་གོ་སྐབས་ཤིག་ཡིན་པའི་ངོས་ཟིན་འཐོབ་ལ། དེ་ནི་རྒྱས་སྤྲོས་ཀྱི་བག་ལྷོད་ཅིག་དང་འཇིག་རྟེན་གཞན་ལ་རེ་ལྟོས་འཆའ་བའི་དུས་ཡུན་ཕྲ་མོ་ཙམ། ད་དུང་འཁོར་བའི་སྐྱོན་གྱིས་མ་གོས་པའི་རང་བྱུང་གི་དག་ཞིང་ཞིག་ཀྱང་ཡིན་པའི་ངེས་ཤེས་རྙེད།

        ངས་བརྗོད་འདོད་པའི་ལྷིང་འཇགས་ནི་ཕྱིའི་འཚོ་བའི་ལྷིང་འཇགས་གི་རྣམ་པ་དེ་མིན་པར། འཚོ་བར་འགྱུར་ལྡོག་ག་འདྲ་བྱུང་ཡང་ནང་སེམས་ཀྱི་ལྷིང་འཇགས་སྲུང་རྒྱུ་དེར་བརྗོད་པ་ཡིན་ཏེ། ཆུ་རྙོག་ཕོར་བ་གང་དེ་ཡུན་རིང་གི་ལྷིང་འཇགས་བརྒྱུད་རྗེས་རང་བཞིན་གྱིས་འདམ་སྙིགས་གཏིང་དུ་བྱིངས་ནས། དྭངས་ཤིང་གཙང་བར་འགྱུར་སྲིད་པ་ལྟར། ལྷིང་འཇགས་ཀྱིས་ཀྱང་རྙོག་འཛིང་དང་རྫུན་བཅོས་ལྡན་པའི་སྤྱི་ཚོགས་ཀྱི་དོན་བྱ་མོད་པོ་ཞིག་གིས་ལྷད་པའི་ནང་སེམས་ལ་ཕྱི་དོར་ལེགས་པོ་བྱེད་ཐུབ། སྤྱི་ཚོགས་ཀྱི་འཁོར་རྒྱུགས་དེ་དཔལ་ཡོན་གྱི་མཐར་ཐུག་སྙེག་པའི་ལམ་དུ་ཤུགས་ཀྱིས་འཁོར་བའི་ཟང་ཟིང་གི་ད་ལྟའི་དུས་རབས་འདིར། མི་ཚེའི་ལམ་ཁ་ནི་འགྲན་རྩོད་དང་འདོར་ལེན་གྱི་གཡུལ་ས་ཞིག་ཏུ་གྱུར་ཟིན་ལ། མཚམས་རེར་ནང་སེམས་བདེ་སྐྱིད་ཀྱི་ལྷ་ཡུལ་ཁམས་སུ་འདྲེན་པ་དང་། མཚམས་རེར་སྡུག་བསྔལ་གྱི་དམྱལ་བའི་ཁམས་སུ་འཕེན་སྲིད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག །ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག་པ་དང་མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། །གཅིག་ལས་གཅིག་མགྱོགས་བདེ་བའི་ཆེད་དུ་རྒྱུག་ཅེས་གསུངས་ཡོད་པ་ལྟར། འཇིག་རྟེན་ནི་ནམ་ཡང་ཁོམ་མེད་བདེ་བའི་རྗེས་སུ་རྒྱུག་འགྲོ་བས། ཟང་ཟིང་འཚོ་བའི་ཁྲོད་འུར་ཟིང་དང་མྱུར་ཚད་ཀྱིས་བསྐྱེད་འོངས་བའི་བྲེད་དངངས་ལས་རྒྱལ་ཏེ། ནང་སེམས་ཀྱི་ལྷིང་འཇགས་སྲུང་ཐུབ་མཁན་གྱིས་ད་གཟོད་རང་ཉིད་ཀྱི་མི་ཚེའི་ཁ་ལོ་སྒྱུར་ཐུབ།

        འདུ་འཛི་ནི་ནམ་ཡང་སྐད་ཅིག་ཙམ་ལས་མ་འདས་པས། ང་ནི་ཁེངས་པ་སྐྱུང་ཞིང་ཁེ་གྲགས་སྤང་ནས། རང་ལ་དབང་བའི་འཇིག་རྟེན་དུ། ལྷིང་འཇགས་ཅན་ཞིག་བྱེད་འདོད་དེ། ལྷིང་འཇགས་རང་ཉིད་ལ་དབང་དུས། རང་ཉིད་ཧྲིལ་བོ་ལྷོད་ལ་བབས་ཏེ། ལྷོད་ལྷོད་ངང་འོ་ཇ་མངར་མོ་ཞིག་འཐུང་བཞིན། རང་སེམས་ལ་ལག་སྙོབ་བྱེད་བཞིན་རང་གི་རྣམ་ཤེས་དང་ཁ་བརྡ་བགྱིས་ནས། ཁང་པའི་བུ་ལོན་དང་། བྱིས་པའི་ཡིག་ཚད་ཀྱི་སྐར་གྲངས། ཕ་མ་གཉོར་སྐྱོང་གི་འགན་འཁྲི། མགོ་ཁྲིད་ཀྱི་སྡང་སྡུག ལས་རྗེས་གླ་ཆའི་མང་ཉུང་། ལས་ཁུངས་ཀྱི་སྒྲིག་ལམ་དང་། འཚོ་བའི་བྲེལ་འཚུབ་སོགས་ཀླད་པའི་ལྟག་རྒྱབ་ཏུ་གཡུགས་ཏེ། བརྗེད་བཞིན་པ་ལྟ་བུའི་རང་ཉིད་དངོས་མ་བཙལ་ཆོག་ལ། བག་ལྷོད་པོར་རང་ལུས་ཀྱི་དགེ་སྐྱོན་གཉིས་ཀ་སྒོག་ཤུན་བཞིན་དུ་བཤུས་ཏེ། མིག་ལ་སྣང་དཀའ་བའི་ཁྱད་ནུས་ཀྱང་བསྔོགས་འདོན་བྱས་ཆོག །དཔེ་ཀློག་ལ་ཞུགས་ནས་རླབས་ཆེན་ཀྱི་སྐྱེས་བུ་དམ་པ་དེ་དང་ཁ་བརྡ་བྱས་ཆོག་ལ། ཡིད་སེམས་སྒུལ་བའི་གཞས་སྙན་མོ་ཞིག་ལ་ཉན་བཞིན་འཚོ་བའི་དྲན་རྟེན་དུ་འབོད་པའི་འདྲ་པར་རེ་རེ་བསྔོགས་བཞིན་ཕྱིར་དྲན་གྱི་དབྱིངས་སུའང་ཞུགས་ཆོག །ད་དུང་གཞན་དབང་གིས་གྱོན་བཅུག་པའི་ངོ་ལྤགས་ཕུད་དེ། རང་གཟུགས་དངོས་མ་དམར་རྗེན་དུ་མངོན་ཆོག་ཅིང་། འཚོ་གནས་ཀྱི་འཐབ་ར་ན་འགྲན་རྩོད་སྣ་མིན་གྱི་ཀློང་དུ་འཚང་བཞིན་པའི་རྒྱབ་གཟུགས་དེ་ཡང་དོར་ཆོག །

        དུས་ཚོད་ཀྱི་ཆག་གྲུམ་མང་ནས་མང་དུ་སྤུངས་པ་དང་བསྟུན་ནས། ང་ནི་ལྷིང་འཇགས་དང་འགྲོགས་ནས་རིམ་གྱིས་འཚར་ལོངས་བྱུང་ལ། རང་ལ་རེ་ན་ཚེ་གཅིག །མི་ལ་རེ་ན་སྐབས་གཅིག་ཅེས་པ་ལྟར། ལས་གང་ཞིག་བསྒྲུབ་ཀྱང་། ཐོག་མར་བློ་ངོར་ཤར་བ་ནི་རང་ཉིད་ཀྱིས་ཇི་ལྟར་ཐག་གཅོད་བྱེད་པར་བསམ་བློ་གཏོང་བ་ལས། གཞན་ལ་རེ་བའི་ཐབས་དང་བློ་ནི་ཡིད་ལ་འཁོར་མ་མྱོང་། ལས་ཆེ་མ་ཆུང་གསུམ་གང་ལ་འཕྲད་ཀྱང་། རང་གིས་རང་ལ་སྐུལ་ལྕག་བྱས་ནས་ནུས་ཤུགས་ཡོད་དགུ་བཀོལ་ཏེ་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱས་པ་ཡིན་ལ། སྐབས་འགར་ཕམ་ཁ་རེག་དགོས་ཀྱང་། ངས་དེ་ཉིད་ནི་རང་ཉིད་འཚར་ལོངས་ཡོང་བར་ངེས་པར་དུ་བརྒྱུད་དགོས་པའི་བརྒྱུད་རིམ་ཞིག་ཏུ་བརྩིས་ནས་དང་ལེན་བྱས་པ་ཡིན། དེ་དང་ཆབས་ཅིག་ང་ལའང་སྟོབས་དང་ལྡན་པའི་ནང་སེམས་ཀྱི་འཇིག་རྟེན་ཞིག་ཆགས་ཡོད་དེ། འཚོ་བའི་ཁྲོད་ཀྱི་གནོན་ཤུགས་གང་མང་ཞིག་ལ་རང་ཉིད་གཅིག་པུས་གདོང་གཏོད་ཐུབ་པ་མ་ཟད། སེམས་ཀྱི་རྨ་ཁ་རྣམས་གཞན་བརྟེན་སྨན་བཅོས་བྱེད་མི་དགོས་པར་རང་ཤུགས་ཀྱིས་དྲག་བསྐྱེད་བྱུང་ཐུབ་པ་མ་ཟད། ནམ་རྒྱུན་དཔེ་དེབ་ཁྲོད་ནས་ཐག་ཆོད་དཀའ་བའི་གནད་དོན་དང་འཚོ་བའི་ཟང་ཟིང་ཁྲོད་ནས་ལན་རྙེད་དཀའ་བའི་འདྲི་གཞི་དག་ལྷིང་འཇགས་དང་འགྲོགས་ནས་དྲི་ལན་རྙེད་ཐུབ་པའི་སྐབས་ཀྱང་ཡོད་པས། ངས་ལྷིང་འཇགས་ལ་བཀའ་དྲིན་ཞུ་བཞིན་ཡོད།

        ལྷིང་འཇགས་སུ་གནས་པའི་ཆུ་ངོས་སུ་ད་གཟོད་མཛེས་སྡུག་གི་གཟུགས་རིས་འཆར་ཐུབ་པ་ལྟར། སེམས་པ་ལྷིང་འཇགས་སུ་གནས་པའི་མིས་ད་གཟོད་འཚོ་བའི་བདག་པོ་བྱེད་ཐུབ། སེམས་པ་ལྷོད་ལ་བབས་ནས་ལྷིང་འཇགས་དང་གཤིབ་དུས་གནས་ལུགས་གང་མང་ཞིག་ངང་གིས་རྟོགས་འོངས་ཏེ། དགའ་སྐྱོ་ཆགས་སྡང་གི་བདག་ཉིད་དུ་གྲུབ་པའི་སྐྱེ་བོ་སུ་ལ་མཚོན་ནས་བཤད་རུང་། སྡུག་བསྔལ་གྱི་འབྱུང་ཁུངས་ནི་འཐོབ་འདོད་པ་འཐོབ་དཀའ་བ་དང་འཐོབ་ཟིན་པ་ཤོར་འགྲོ་བ་དེ་ལས་མ་འདས། གལ་སྲིད་ཐོབ་ཤོར་གྱི་མནར་གཅོད་ལས་ཕྱིར་བུད་དེ། ཆོག་ཤེས་དང་ལྷིང་འཇགས་ངང་འཚོ་བ་རོལ་རྒྱུ་ནི་ཧ་ཅང་རྩ་ཆེ་བའི་ངོས་ཟིན་འཐོབ་ཚེ། མིག་མཐོང་ལག་ཟིན་གྱི་ཕམ་ཉེས་ཚང་མས་རང་ཉིད་འཐུས་ཇེ་ཚང་དུ་སྒྲིག་བཞིན་ཡོད་པ་དང་། ཤོར་བ་དག་གིས་ཀྱང་འཐོབ་པ་རྣམས་ལ་མཐུན་རྐྱེན་སྐྲུན་བཞིན་ཡོད་པའི་གནས་ལུགས་རྟོགས་ཐུབ། དེ་བས་སེམས་པ་ལྷོད་ལ་བབས་ཏེ། སྐྱིད་ལ་སྡུག་པའི་འཇིག་རྟེན་འདི་ནས་ལྷིང་འཇགས་ལ་རོལ་ཅིག །ལྷིང་འཇགས་ནི་དྭངས་ཤིང་གཙང་བའི་ཁྲུས་ཆབ་ཅིག་དང་དྲོ་ཞིང་འཇམ་པའི་ཉི་འོད་དེ་ཡིན་ལ། སེམས་ཀྱི་སྐྱེད་ཚལ་དུ་སིམ་སིམ་ངང་འབབ་པའི་སྦྲང་ཆར་བསིལ་མ་དེའང་ཡིན། རང་ཉིད་ཀྱིས་རང་ཉིད་ལ་བསྐྲུན་པའི་རང་དབང་གི་མཁའ་དབྱིངས་ཤིག་དང་། བསྐྱར་ཟློས་ཀྱི་འཚོ་བའི་ཁྲོད་དགེ་མཚན་གྱིས་ཕྱུག་པའི་ལོངས་སྤྱོད་ཅིག་ཡིན་ལ། ཚིག་ཟུར་གྱིས་བཟོས་པའི་རྨ་ཁ་དང་སེམས་ཀྱི་གནོན་ཤུགས་སོས་བྱེད་ཀྱི་སྨན་མཆོག་ཀྱང་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1