བོད་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 08-10


        བོད་ཀྱི་རྩྭ་ཐང་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ལྷོ་ནུབ་བརྟག་དཔྱད་འཆར་འགོད་ཁང་གིས་ཁུན་མིང་དུ“རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་རྩྭ་ཐང་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་རིག་གཞུང་བགྲོ་གླེང་ཚོགས་འདུ་མཉམ་དུ་འཚོགས་པ་རེད། པེ་ཅིང་ནགས་ལས་སློབ་ཆེན་དང་། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་སོགས་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིའི་མཚོ་བོད་ས་མཐོའི་རྩྭ་ཐང་ལ་ཞིབ་འཇུག་བྱེད་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་ལ་བརྟེན་ནས་ཚོགས་འདུར་ཞུགས་པ་རེད།

        ཚོགས་འདུའི་ཐོག ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་བོད་ཀྱི་རྩྭ་ཐང་སྲུང་སྐྱོང་དང་སླར་གསོར་འཕྲད་པའི་གོ་སྐབས་དང་འགྲན་སློང་དང་། སླར་གསོ་བཅོས་སྐྱོང་ལག་རྩལ། མཐོ་གྲང་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་སྔོན་འགོག་ཚོད་འཛིན་ལག་རྩལ། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་སོགས་ལ་བགྲོ་གླེང་གཏིང་ཟབ་བྱས་པ་རེད། ཚང་མས་བོད་དུ་རྩྭ་ཐང་གི་རིགས་ཕུན་སུམ་ཚོགས་པ་དང་། རྩྭ་ཐང་གི་རྒྱ་ཁྱོན་ཆེ་བ། རྩྭ་ཐང་གི་སྐྱེ་ཁམས་གནས་བབ་གལ་ཆེན་བཅས་ཡོད་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ས་ཆ་གལ་ཆེན་ཞིག་ཡིན་པ་དང་། བོད་ཀྱི་རྩྭ་ཐང་སྲུང་སྐྱོང་དང་སླར་གསོར་མཐོ་ས་ནས་སྐུལ་འདེད་དང་ཕྱོགས་ཡོངས་ནས་སྤེལ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ནགས་རྩྭ་དར་ན་སྐྱེ་ཁམས་དར་བའི”འདུ་ཤེས་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པས། རྒྱུན་རྣམ་ཅན་གྱི་སྒོ་ནས་བོད་ཀྱི་རྩྭ་ཐང་སྲུང་སྐྱོང་དང་སླར་གསོའི་རིག་གཞུང་བགྲོ་གླེང་བྱས་ཏེ་བློ་གྲོས་གཅིག་སྡུད་བྱེད་པ་ནི་བོད་ཀྱི་རྩྭ་ཐང་སྲུང་སྐྱོང་དང་སླར་གསོར་ཚན་རྩལ་གྱི་འདེགས་སྐྱོར་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1